དྲི་བ་རེ་བརྒྱད། དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན་ཟེར་དོན་ཅི་ཡིན་ནམ།
2023.05.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 11

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན”ཞེས་བསྟན་ཡོད། ཆོད་གཏམ་འདིས་མར་ཁེ་སིའི་རིང་ལུགས་སྲིད་ཏང་གི་མི་དམངས་རང་བཞིན་གྱི་དབང་ཆའི་ལྟ་བ་གཅིག་བསྡུས་ཀྱིས་མཚོན་པ་དང་། ང་ནི་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་པ་བཅས་ཀྱི་རྩ་བའི་གནད་དོན་འདིར་ཚན་རིག་དང་མཐུན་པའི་ལན་བཏབ་ཡོད་པས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ། ཐོག་མའི་བསམ་འདུན་དང་འགན་འཁྲི་བཅས་ཀྱི་དུས་རབས་ཀྱི་མཚོན་ཚུལ་ཞིག་རེད།

དང་པོ། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ། མི་དམངས་རང་བཞིན་གྱི་དབང་ཆའི་ལྟ་བ་བཅས་ཀྱི་ངོ་བོའི་མཚོན་ཚུལ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སིའི་རིང་ལུགས་མཛུབ་སྟོན་བསམ་བློར་བཟུང་ནས་བཙུགས་པའི་སྔོན་ཐོན་གྱི་སྲིད་ཏང་ཞིག་ཡིན་པ་དང་། ཏང་གི་རྩ་བའི་དམིགས་ཡུལ་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། མར་ཁེ་སིའི་རིང་ལུགས་ཀྱི་དངོས་གཙོའི་ལོ་རྒྱུས་ལྟ་བས་མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་མཁན་གྱི་རྩ་བའི་སྟོབས་ཤུགས་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།   དེའི་སྟབས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་པའི་སྒུལ་ཤུགས་ཡིན་པས། ང་ཚོ་གུང་ཁྲན་ཏང་མིས་དུས་ནམ་ཡིན་ཡང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ཆེས་གཞི་རྩར་གྱུར་པའི་གནས་ལུགས་འདི་བརྗེད་མི་རུང”།   “མར་ཁེ་སིར་སློབ་སྦྱོང་བྱེད་པར་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པའི་སྐོར་གྱི་མར་ཁེ་སིའི་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱེད་དགོས་པ་དང་།   མི་དམངས་རང་བཞིན་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཆེས་མངོན་གསལ་གྱི་གཤིས་རྒྱུད་ཅིག་ཡིན”ཞེས་བསྟན་ཡོད།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་དབང་ཆ་ནི་ཏང་དང་མི་དམངས་ཀྱིས་སྤྲད་པ་ཡིན་ལ།    ཏང་དང་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པར་སྤྱོད་པ་ཞིག་ཡིན་པས།   སྤྱི་དོན་དུ་སྤྱོད་པ་ལས་སྒེར་དོན་དུ་སྤྱོད་མི་རུང ”ཞེས་ནན་གྱིས་བསྟན་ཡོད།   མི་དམངས་སེམས་ནས་བརྗེད་པ་དང་མི་དམངས་དང་རིང་དུ་གྱེས་ཚེ། ང་ཚོ་འགོ་ཁུངས་མེད་པའི་ཆུ་དང་རྩ་བ་བྲལ་བའི་སྡོང་བོ་ལྟ་བུར་གྱུར་ནས། དོན་དག་གཅིག་ཀྱང་འགྲུབ་མི་སྲིད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུ། མི་དམངས་ཀྱི་གོ་གནས་གཙོ་བོ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་དེ་རྒྱལ་སྲིད་སྐྱོང་བའི་བྱ་འགུལ་ཡོད་ཚད་ཀྱི་ཁྲོད་དུ་དོན་འཁྱོལ་བྱས་ནས།  དབང་ཆ་དེ་ཏང་ལ་དཀའ་ངལ་སེལ་རོགས་དང་།  རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་འཁུར་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཐད་སྤྱོད་པ་དང་།  སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་བ་བཅས་བྱས་ན། གཞི་ནས་དུས་རབས་ཀྱི་རེ་བ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བྱེད་ཐུབ།

གཉིས་པ། འདི་ནི་ཀྲུང་གོ་གུང་ཁྲན་ཏང་ནམ་ཡང་ཕམ་མི་སྲིད་པའི་རྨང་གཞི་ཆེན་པོ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་འདུ་ཤེས་དེ་ངོ་བོའི་ཐོག་ནས་བཤད་ན། མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་མི་དམངས་ལ་བརྟེན་ནས་སྲིད་སྐྱོང་རྒྱུ་དེ་རེད།  ཀྲུང་གོ་གསར་པའི་ལོ་ངོ70ལྷག་གི་སྲིད་སྐྱོང་ལོ་རྒྱུས་ཁྲོད།  ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་སྐྱོང་དང་།  བཅོས་སྒྱུར་སྒོ་འབྱེད།  ཁྲོམ་རའི་དཔལ་འབྱོར། ཕྱི་ཕྱོགས་ཁོར་ཡུག་བཅས་ཀྱི་ཉམས་སད་སྣ་ཚོགས་ཐེག་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བརྟན་སྲུང་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་མི་དམངས་ཀྱི་རང་བཞིན་དེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱེ་བྲག་གི་བྱ་བ་སྣ་ཚོགས་སྤེལ་བ་དང་།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་རྩ་དོན་དུ་བསྒྱུར་བ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དེ་ཡོད་ཚད་ལས་ལྷག་པ་རྒྱུན་འཁྱོངས་བྱས་ཏེ།  མི་དམངས་ཀྱིས་གོང་བཀུར་བྱེད་མིན་དང་།  དང་ལེན་བྱེད་མིན།  དགའ་བསུ་བྱེད་མིན།  ཁས་ལེན་བྱེད་མིན་བཅས་བྱ་བ་ཡོད་ཚད་ཀྱི་ཐོབ་ཤོར་ཚད་འཇལ་བྱེད་པའི་རྩ་བའི་ཚད་གཞིར་འཛིན་དགོས།   རྫོང་ཨུའི་ཧྲུའུ་ཅིའི་མིག་དཔེ་ཅའོ་ཡུས་ལུའུ་ཡིས་རང་ཉིད་ཁོ་ན་སེམས་ནས་དོར་ཏེ་མི་དམངས་ཡོངས་རྫོགས་སེམས་སུ་བཅངས་པ་དང་། རྫོང་དཔོན་རྩྭ་ཞྭ་ཅན་དབྱང་ཧྲན་ཀྲིག་གིས་སྲོག་གི་རྒྱུ་བ་མ་ཆད་བར་དུ་མི་དམངས་ལ་ཞབས་འདེགས་ཞུ་མཚམས་མ་བཞག་པ། འཐབ་འཛིང་དཔའ་བོ་ཀྲང་ཧྥུའུ་ཆིན་གྱིས་རང་གི་བྱས་རྗེས་དང་མཚན་སྙན་གསང་ནས་གཞི་རིམ་དུ་རྐང་ཚུགས་པར་བྱས་ཏེ་ཁུ་སིམ་མེར་ལས་ལ་གཞོལ་བ་སོགས།  ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ།   སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་སྲིད་སྐྱོང་བྱས་རྗེས་དངོས་དེ་མི་དམངས་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ཡོད།   དེ་ལྟར་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་བཞག་པའི་དབང་གིས་ང་ཚོའི་ཏང་ལ་གཞི་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་སེམས་གཏིང་ནས་གོང་བཀུར་དང་།  ཡིད་ཆེས་བློ་འཁེལ།   བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བཅས་ཐོབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན།  བཅོས་སྒྱུར་སྒོ་འབྱེད།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བའི་རྒྱལ་ཁ་གསར་བ་རྒྱུན་ཆད་མེད་པར་ཐོབ་ཡོད།

གསུམ་པ། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན།  རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ ལ་འགོ་ཁྲིད་བྱས་ནས་རྒྱལ་སྲིད་འཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་བསྐྱང་བྱ་ནི་དམངས་སེམས་ཡིན།  1921ལོར་དབུ་བརྙེས་པ་ནས་བཟུང་།  ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་པ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ནས།  གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ།  རྒྱལ་ཁབ་སྟོབས་འབྱོར་དང་མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱས་ཡོད།  ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིས་ཏང་ཡོན་ལས་བྱེད་པས་ངེས་པར་དུ་མི་དམངས་ཀྱི་སྤྱི་ཞབས་པ་བྱེད་པའི་གོ་གནས་གཏན་འཁེལ་དང་།   དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་ཤིག་ཏུ་བརྩིས་ནས།  དབང་ཆ་དམངས་དོན་དུ་སྤྱོད་པ་དང་། དམངས་ལ་བརྩེ་སེམས་བཅངས་བ།  ཁེ་ཕན་དམངས་དོན་དུ་གཉེར་བ་བཅས་ཏན་ཏིག་བྱེད་དགོས་པ་ཐག་གིས་བཅད་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པར་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་དང་།   “ང་ཚོ་ནི་མི་དམངས་ཀྱི་ཞབས་འདེགས་པ་ཡིན་ཞེས་པའི་སྐད་ཆ་འདི་ནི་འབོད་ཚིག་ཙམ་མ་ཡིན་པར། ང་ཚོས་མི་དམངས་ལ་དོན་དག་སྒྲུབ་དགོས་པ་དེ་ཡིན”ཞེས་ནན་བཤད་གནང་ཡོད།   དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་།  དམ་བཅའ་ཉམས་མེད་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་པ་དང་།   རྣམ་དག་གི་བསམ་པར་བརྟེན་ནས་ཏང་གི་དམིགས་ཡུལ་ལག་བསྟར་བྱེད་པ།   གུས་བཀུར་གྱི་བསམ་པར་བརྟེན་ནས་རང་ཉིད་ཀྱི་དབང་ཆར་ལྟ་སྟངས་འཛིན་པ། དྲིན་ཚོར་གྱི་བསམ་པར་བརྟེན་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ།  དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱེད་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་གལ་ཆེན་ཞིག་ཏུ་བརྩིས་ཚེ། གཞི་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་འཁུར་ལེན་མངོན་པར་བྱེད་ཐུབ།  ཏང་ཡོན་ལས་བྱེད་པས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གསལ་བོར་རྟོགས་པར་བྱས་ཏེ།  ཡོད་ཚད་དམངས་དོན་དུ་ཁེ་ཕན་དོན་གཉེར་བྱ་རྒྱུ་དེ་རྩ་བའི་གཞི་འཛིན་སར་བྱེད་པ་དང་། དམངས་ལ་དངོས་གནས་བདེ་སྐྱིད་སྐྲུན་རྒྱུ་དེ་ལག་ལེན་གྱི་དམིགས་སར་བྱེད་པ། མང་ཚོགས་ཀྱི་དཀའ་ཉེན་དང་སེམས་ཁྲལ། རེ་སྒུག བདེ་སྡུག་བཅས་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཅངས་བ་དང་ལག་ཏུ་དམ་པོར་བཟུང་ནས།  མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་སེམས་ཁུར་ཐག་གཅོད་ལེགས་པོ་བྱས་ཏེ།  ཏང་དང་མི་དམངས་ཀྱིས་ཁས་ལེན་བྱེད་པ་དང་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་སྲིད་སྐྱོང་བྱས་རྗེས་རྒྱུན་ཆད་མེད་པར་བསྐྲུན་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།