གསེར་གཞོང་ལུང་པའི་ལྗང་མདོག་གི་གསོན་ཤུགས་གསར་པ།
2023.05.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 71

ཉན་མཁན་རྣམ་པ།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་སྟར་གསར་འགྱུར། དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ་ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ།   ཁ་ཡིག་ལ་གསེར་གཞོང་ལུང་པའི་ལྗང་མདོག་གི་གསོན་ཤུགས་གསར་པ་ཞེས་པར་ཉན་རོགས་གནོངས།

སྙན་སྒྲོན་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ།“རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་ཞིག་ཡིན།རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ།རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་ནས།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་དང་ཇུས་འགོད་བྱེད་དགོས”ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་བླང་བྱ་གཞིར་བཟུང་ནས་དཔའ་ལུང་རྫོང་གསེར་གཞོང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ། གནའ་བའི་ཡུལ་གྲུ་སྟེ། ཕ་ཡུལ་གསེར་གཞོང་རིང་མོའི་རི་ཆུའི་མཛེས་སྡུག་སྲུང་འཛིན་བྱེད་ཆེད། སྡོང་འཛུགས་ནགས་སྐྲུན་གྱི་ལས་འགུལ་རྒྱ་ཆེར་སྤེལ་ནས་ཕ་ཡུལ་ལྗང་མདོག་ཅན་དུ་བསྒྱུར་ཏེ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་དང་། མི་རབས་ཕྱི་མར་བདེ་སྐྱིད་ལྡན་པའི་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་པར་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས། གནས་ཚུལ་དེའི་སྐོར་ནས་གསེར་གཞོང་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་འགོ་གཙོ་ཨོ་རྒྱན་ཚེ་རིང་གིས་བཤད་རྒྱུར།

ང་ཚོ་གསེར་གཞུང་གི་ས་ཆ་འདིར་མཚོན་ན་བོད་རིགས་རྐྱང་རྐྱང་གི་ཡུལ་ཚོ་ཞིག་ཡིན། སྡེ་བ་བཅུ་བཞི་དང་མི་གྲངས་སྟོང་བདུན་ལྷག་ཡོད། སྡེ་བ་འདིའི་ཡོང་སྒོ་གཙོ་བོ་ཞིང་ཕྱུགས་དང་ཞོར་ལས་ལ་བརྟེན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལྟར། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱ་བ་གཙོ་བོར་བཟུང་ནས། ཡུལ་ཚོ་ཡོངས་ཀྱི་མི་རེ་རེ་ལ་སྡོང་བོ་གསུམ་ནས་ལྔ་འཛུགས་རྒྱུའི་འགན་ཁུར་བཞག་ཡོད། དེ་མིན་ཁྱིམ་ཚང་རེ་རེ་ཡིས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ཤེས་པ། མི་རེ་རེ་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཡོད་པར་བྱས་ཡོད། ད་ལོར་ཡུལ་ཚོ་ཡོངས་ཀྱིས་སྡོང་ཕྲུག་ཁྲི་བདུན་ལྷག་བཙུགས་པ་དང་། ཉིས་སྟོང་བཅུ་དགུའི་ལོ་ནས་ད་ལྟའི་བར་དུ་ཡུལ་ཚོ་ཡོངས་ཀྱིས་སྡོང་བོ་འབུམ་གསུམ་ལྷག་བཙུགས་ནས་གསེར་གཞོང་ས་ཆ་ལྗང་མདོག་ཅན་དུ་བསྒྱུར་ཡོད།

སྙན་སྒྲོན་པ། ང་ཚོ་གསེར་གཞུང་ཡུལ་ཚོ་བདེ་སྐྱིད་ཐང་སྡེ་བར་ཐོན་དུས། ཉིན་དེའི་ཞོགས་པ་ནས་འབབ་མགོ་བརྩམས་པའི་ཁ་ཆར་འདྲེས་མའི་འབབ་རྒྱུན་དེ་ཡང་རེ་ཞིག་མཚམས་བཞག་པས། སྐོར་དང་སྐོར་བྱས་ནས་ཆགས་པའི་གནའ་བོའི་རུ་སྡེ་དེ་དག་གི་མཁའ་དབྱིངས་སུ་ཉི་འོད་འཇམ་པོ་ཞིག་ངང་གིས་འཕྲོས་མགོ་བརྩམས།  ང་ཚོས་སྡེ་བ་དེའི་ལོ་ན་ཅུང་མཐོ་བའི་རྒན་པོ་རེ་འགའ་དང་གླེང་མོལ་བྱེད་སྐབས། ཁོ་ཚོའི་ངག་ལས་སྔོན་ཆད་གསེར་གཞོང་ལུང་པ་འདི་རུ་སྡོང་བོ་མང་པོ་ཡོད་ལུགས་དང་ཆུ་རྒྱུན་ཡང་ཆེ་ཆུང་མི་འདྲ་བ་འགའ་རེ་འབབ་བཞིན་ཡོད་པའི་གནས་ཚུལ་སྐོར་ཐོས་བྱུང་། ཡིན་ནའང་བར་སྐབས་ཤིག་ལ་ཡུལ་དེ་རུ་ཕྱུགས་ཟོག་ཚད་ལས་བརྒལ་ནས་འཚོ་སྐྱོང་བྱས་ཏེ། སྐྱེ་ཁམས་དོ་མཉམ་མིན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་རི་ཆུའི་མཛེས་སྡུག་ཤོར་བའི་སྣང་ཚུལ་བྱུང་མགོ་བརྩམས། གནས་ཚུལ་དེའི་སྐོར་ནས་བདེ་སྐྱིད་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་དོན་འགྲུབ་ཀྱིས་འདི་ལྟར་བཤད་བྱུང་།

ང་ཚོའི་གསེར་གཞོང་ས་ཆ་འདི་ལ་མཚོན་ན་གནའ་དེང་མར་སྡོང་བོ་མང་པའི་ས་ཆ་ཞིག་ཡིན། བར་སྐབས་ཤིག་ལ་ཕྱུགས་འཚོ་སྐྱོང་བྱེད་པ་ཚད་ལས་བརྒལ་བར་བརྟེན་ནས་རྩྭ་སར་ཞན་འགྱུར་གྱི་གནས་ཚུལ་མངོན་གསལ་དུ་གྱུར། དེ་ནས་ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་སྟེ་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ང་ཚོའི་ས་ཆ་འདི་སྡོང་བོ་མང་པོ་བཙུགས་ནས་ཡུལ་ལྗོངས་ཀྱི་མཛེས་པ་སླར་གསོ་བྱས། ད་ལོར་མཚོན་ན་ང་ཚོས་སྡེ་བའི་ལ་ལུང་མང་པོ་སྡོང་བོ་ཁྲི་གཉིས་ནས་གསུམ་ཙམ་བཙུགས་པ་ཡིན། ཕྱིན་ཆད་ཀྱང་མུ་མཐུད་དུ་སྡོང་འཛུགས་བྱེད་པའི་ཕྱོགས་ལ་ཤུགས་འདོན་རྒྱུ་ཡིན།

སྙན་སྒྲོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན། ལྗང་མདོག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་རྒྱུ་ནི་མིའི་རིགས་ཐུན་མོང་གི་ཕུགས་འདུན་ཡིན་ཞེས་དང་། སྐྱེ་ཁམས་དཔལ་ཡོན་ནི་མི་དམངས་མང་ཚོགས་མཉམ་དུ་དེའི་ཁྲོད་དུ་ཞུགས་པ་དང་མཉམ་དུ་འཛུགས་སྐྲུན་བྱེད་པ། མཉམ་དུ་ལོངས་སྤྱོད་བྱེད་པའི་ལས་དོན་ཞིག་ཡིན་ཞེས་གསུངས་པ་ནང་བཞིན།  མི་རེ་རེ་ནི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་མཁན་དང་སྲུང་སྐྱོབ་བྱེད་མཁན། ལོངས་སུ་སྤྱོད་མཁན་བཅས་ཡིན་པའི་ངེས་ཤེས་གསལ་བོར་འདྲོངས་པར་བྱས་ནས། གསེར་གཞོང་ཡུལ་ཚོའི་སྡེ་བ་སོ་སོའི་མི་དམངས་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་སྡོང་འཛུགས་ནགས་སྐྲུན་བྱས་ཏེ། ཕ་ཡུལ་ལྗང་སྒྱུར་བྱེད་པའི་རླབས་ཆེན་གྱི་བྱ་གཞག་ཁྲོད་ཞུགས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་དེ། གནས་ཚུལ་དེའི་སྐོར་ནས་སྡོང་འཛུགས་ནགས་སྐྲུན་གྱི་འགན་ཁུར་བ་སྟོད་དར་སྡེ་བའི་སྡེ་མི་དར་རྒྱས་ཀྱིས་བཤད་རྒྱུར།

ང་སྟོད་དར་སྡེ་བའི་ཡིན། ས་ཆ་འདིའི་སྡེ་བ་སོ་སོ་ན་སྡོང་འཛུགས་བྱ་བར་འགན་ཁུར་མཁན་གྱི་མི་སྣ་བདུན་བརྒྱད་ཙམ་ཡོད། ང་ཚོ་ཁ་མཐུན་གྲོས་འགྲིག་གི་སྒོ་ནས་སྡེ་བའི་ལས་བྱེད་པ་རྣམས་ལའང་གནས་ཚུལ་དེའི་སྐོར་བཤད་པས་སྡེ་བ་སོ་སོའི་ལས་བྱེད་པ་རྣམས་ཀྱིས་ཀྱང་ང་ཚོར་སྡོང་བོ་དང་སྒོར་མོ་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱས་པར་བརྟེན་ནས་སྡོང་བོ་འདི་འདྲ་ཞིག་བཙུགས་པ་ཡིན། ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་ལོ་རེ་བཞིན་བཙུགས་ནས་ད་ལྟའི་བར་དུ་སྡོང་བོ་འཛུགས་པ་དང་ཆུ་གཏོང་བ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་པས་སྡོང་བོའི་གསོན་ཚད་ཀྱང་བརྒྱ་ཆའི་གྱ་ལྔ་ནས་དགུ་བཅུའི་བར་དུ་སླེབས་ཡོད། རྗེས་ཕྱོགས་ཀྱང་མུ་མཐུད་དུ་སྡོང་འཛུགས་ནགས་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད།

སྙན་སྒྲོན་པ།   ཉིན་གུང་ཡོལ་ཙམ་ལ་ང་ཚོ་གཞི་ནས་གསེར་གཞུང་ཡུལ་ཚོའི་བདེ་སྐྱིད་ཐང་སྡེ་བའི་གཡོན་ཕྱོགས་ཀྱི་རི་མགོ་དེར་ཐོན། གནས་དེ་ནི་ད་ལོར་གསེར་གཞོང་ཡུལ་ཚོས་སྡོང་འཛུགས་ནགས་སྐྲུན་བྱས་པའི་ཁྲོད་དུ་གཞི་ཁྱོན་ཅུང་ཆེ་བའི་ས་ཁུལ་ཞིག་ཡིན་ཞིང་། ལྗང་ལྡེམ་ལྡེམ་བྱེད་པའི་བགྲང་ཡས་པའི་སྡོང་ཕྲུག་དེ་དག་གི་གསེབ་ན།  སྡེ་མི་འགའ་ཡིས་སེམས་ཞིབ་མོས་སྡོང་ཕྲུག་རེ་རེའི་རྩ་བར་ཆུ་གཏོང་བཞིན་འདུག   ང་ཚོ་མཐོང་མ་ཐག་སྟོད་དར་སྡེ་བའི་སྡེ་མི་ཚེ་མོ་སྒྲོལ་མས་འདི་ལྟར་བཤད་བྱུང་།

རི་མགོ་ན་ཆུ་ཡོད་ནི་མ་རེད། གྲམ་པའི་ནང་ནས་ཆུ་ལེན་དགོས་ནི་རེད། ཆར་བབས་ཚེ་ཆུ་གཏང་མི་དགོས། ཆར་མ་བབས་ན་ཆུ་གཏང་དགོས་པས་ད་ཐེངས་ང་ཚོས་ཉིན་བཅུ་ལྷག་ལ་ཆུ་བཏང་བ་ཡིན། ད་འདི་ལྟར་ང་ཚོ་ཚང་མས་ཆུ་གཏོང་བཞིན་ཡོད།

སྙན་སྒྲོན་པ། ང་ཚོའི་བཅར་འདྲི་རེ་ཞིག་མཇུག་རྫོགས་ཏེ་དཔངས་མཐོ་བའི་རི་རྒྱུད་རིང་མོ་དེའི་སྐེད་ཀྱི་སྦྲུལ་ལྟར་འཁྱིལ་བའི་ཕྱིར་ལམ་དེ་འདེད་དུས། མིག་ལམ་དུ་ཡང་ཡང་སྣང་བྱུང་བ་ནི།  ཡུལ་དེའི་མི་དམངས་མང་ཚོགས་ཀྱིས་ཕ་ཡུལ་གྱི་རི་ཆུའི་མཛེས་སྡུག་སྲུང་འཛིན་བྱེད་པར་རང་གི་རྩོལ་བ་ལ་བརྟེན་ནས་བཙུགས་ཤིང་། ག་ས་གང་དུ་ལྗང་ལྡེམ་མེར་བྱེད་པའི་སྡོང་ཕྲུག་དེ་དག་གིས་གསེར་གཞོང་རིང་མོའི་མཛེས་སྡུག་ལ་མཐིང་མདོག་གི་གསོན་ཤུགས་གསར་བ་ཞིག་བསྣན་དང་སྣོན་བཞིན་པ་དེ་རེད།

སྙན་སྒྲོན་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། གསེར་གཞོང་ལུང་པའི་ལྗང་མདོག་གི་གསོན་ཤུགས་གསར་པ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

                                                                                                 

                                                                               གསར་འགོད་པ། གཡང་འབུམ་རྒྱལ། རིག་འཛིན་སྒྲོལ་མ།

                                                                               རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ། 

                                                                               ལྟ་སྐུལ་པ། དབང་གྲགས་ཚེ་རིང་།