བདེ་སྐྱིད་འཚོ་བའི་བཞུད་ལམ།
2023.05.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 54

སྙན་སྒྲོན་པ།  ཉན་མཁན་རྣམ་པ།  ཐེངས་འདིའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་སྟར་གསར་འགྱུར།  དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ་ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། བདེ་སྐྱིད་འཚོ་བའི་བཞུད་ལམ་ཞེས་པར་ཉན་རོགས་གནོངས།

སྙན་སྒྲོན་པ།  མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོ་རུ་ཁྱོན་སྡོམ་སྡེ་བ་བཅུ་དྲུག་ཡོད་པ་དང་།  བོད་རིགས་མི་གྲངས་ཀྱིས་ཡུལ་ཚོ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གོ་དགུ་ལྷག་ཟིན་འདུག རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་གཞིས་དང་། ཁོང་ཉིད་སྐུ་ན་ཕྲ་བའི་དུས་སུ་སློབ་གཉེར་གནང་སའི་བིས་མདོ་དགོན་ཆེན་སོགས་གནས་ཁྱད་པར་ཅན་མང་པོ་ཞིག་ཀྱང་བིས་མདོ་བོད་རིགས་ཡུལ་ཚོ་རུ་ཡོད་པས་ཡུལ་འདིའི་སྙན་པའི་གྲགས་པ་ཕྱོགས་ཀུན་རྒྱས་ཡོད། གནས་འདིར་འཚོ་ཞིང་གཞེས་པའི་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་པཎ་ཆེན་མཆོག་གི་བཀའ་སློབ་ཡིད་ལ་དམ་པོར་བཟུང་སྟེ།  ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་ལག་གདང་མཉམ་དུ་སྦྲེལ་ནས། མི་རིགས་གཞན་གྱི་རིག་གནས་གསར་བ་ནང་འདྲེན་བྱེད་པ་དང་རང་ཆས་སུ་མངའ་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བགྱིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཡིད་ལ་དམ་པོར་བཅངས་ནས། རིགས་སོ་སོའི་སྤུན་ཟླ་མི་རིགས་དང་མཉམ་དུ་དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་རླབས་ཆེན་གྱི་བྱ་གཞག་སྒྲུབ་པར་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་བཞིན་འདུག

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ས་གནས་སོ་སོར་ལག་བསྟར་དོན་འཁྱོལ་བྱས་པ་དང་བསྟུན་ནས། བིས་མདོ་བོད་རིགས་ཡུལ་ཚོའི་ས་གནས་མང་ཚོགས་ཀྱིས་རང་གི་བློ་གྲོས་དང་རྩོལ་བར་བརྟེན་ནས། བདེ་སྐྱིད་ལྡན་པའི་དུས་རབས་གསར་བའི་འཚོ་བ་གསར་བ་གསར་སྐྲུན་བྱེད་པའི་ཐད་ལ་ཤ་ཐང་རུས་ཐང་གིས་འབད་འབུང་ཆེ་སྐྱེད་བྱེད་བཞིན་འདུག  བིས་མདོ་བོད་རིགས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་།  དེ་མིན་གོང་རིམ་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་དམངས་ཕན་ལས་གཞི་སྣ་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་སུ་བཟུང་ནས། ཐབས་བརྒྱ་ཇུས་སྟོང་གིས་དམངས་ཡོངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་ལ་འབད་བརྩོན་ཆེན་པོ་བྱེད་བཞིན་འདུག གནས་ཚུལ་དེའི་སྐོར་ནས་བིས་མདོ་བོད་རིགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་འགོ་གཙོ་རྟ་མགྲིན་ཚེ་བརྟན་གྱིས་བཤད་རྒྱུར།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཡིན་ན་ཆོག་གི རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཡིན་ན་ཆོག་གི གྲོང་གསེབ་དར་སྤེལ་བྱེད་དགོས་ན་མང་ཚོགས་ཀྱི་འཚོ་བ་གོང་འཕེལ་ཏུ་གཏོང་རྒྱུ་དེ་དམིགས་ཡུལ་རེད། ང་ཚོ་བིས་མདོ་ཡུལ་ཚོ་ལ་སྡེ་བ་བཅུ་དྲུག་དང་རང་བྱུང་སྡེ་བ་སོ་བཞི་ཡོད་པ་ཚང་མ་རང་རང་གི་ཐོན་ལས་མང་པོ་ཡོད། དེ་ལས་ར་ལུང་པ་སྡེ་བར་མཚོན་ན་གོང་རིམ་ནས་སྒོར་མོ་ས་ཡ་གཅིག་གིས་རོགས་སྐྱོར་བྱས་ཏེ། ལུག་ཉོས་ཡོད། དེ་ལས་ལོ་གཅིག་ལ་སྡེ་བར་སྒོར་མོ་འབུམ་གཅིག་ཡན་གྱི་ཡོང་སྒོ་ཡོད། སྤྱིའི་ཡོང་སྒོ་དེ་ལས་སྡེ་བའི་སྤྱིའི་འགྲོ་སྒོ་སྣ་ཚོགས་གཏོང་བཞིན་ཡོད་པར་མ་ཟད། མང་ཚོགས་ཀྱི་འཚོ་བ་ཡང་ཇེ་བཟང་ཇེ་ལེགས་སུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད།

སྙན་སྒྲོན་པ། བིས་མདོ་བོད་རིགས་ཡུལ་ཚོའི་ར་ལུང་པ་སྡེ་བར་མཚོན་ན། ཞིང་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་ཡིན་ཞིང་སྡེ་བ་དེ་ལ་ཐུན་མོང་དཔལ་འབྱོར་གྱི་ཡོང་ཁུངས་ཅི་ཡང་མེད་པའི་གནས་ཚུལ་དངོས་ལ་གཞིགས་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཡོན་ལས་བྱེད་པ། སྡེ་བའི་ལོ་ལོན་བཅས་སྡེ་མི་མང་པོ་ཞིག་གིས་གྲོས་ཁ་ཡང་ཡང་བསྡུར་རྗེས། སྡེ་བ་རང་གི་རྩྭ་སའི་ཐོན་ཁུངས་ཀྱི་ཁྱད་སྟོབས་གཞིར་བཟུང་ནས། འབྲོག་ལུག་འཚོ་སྐྱོང་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་ཕྱོགས་ཤིག་གཏན་ལ་ཕབ་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། དེས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཐོན་པའི་སྐོར་ནས་ར་ལུང་པ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འབྲུག་རྒྱལ་གྱིས་བཤད་རྒྱུར།

ང་ཚོའི་སྡེ་བ་འདི་ལ་མཚོན་ན་སྔོན་ཆད་འཚོ་བར་དཀའ་ཁག་ཅུང་ཡོད་ནི་རེད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཡང་ཞན་ནི་རེད། ང་ཚོའི་སྡེ་བར་རྩྭ་ས་མུའུ་སྟོང་གཉིས་ཙམ་ཡོད། དེའི་སྟེང་ནས་ཕྱུགས་འཚོས་ན་བཟང་གི་ཞེས་གྲོས་ཁ་བསྡུར་རྗེས། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་རོགས་སྐྱོར་འོག་ལུག་ཉིས་བརྒྱ་ཙམ་ཉོས། དེ་ལས་ཡོང་སྒོ་ཅུང་ལེགས་པོ་ལོན་སོང་། ད་ལྟ་ཐོག་མའི་ལུག་ཉིས་བརྒྱ་དེ་བདུན་བརྒྱ་ནས་བརྒྱད་བརྒྱར་འཕར་ཡོད། རྗེས་ཕྱོགས་སུ་མུ་མཐུད་དུ་ལས་གཞི་འདི་རྒྱ་བསྐྱེད་པའི་ཕྱོགས་ལ་ནུས་པ་འདོན་རྩིས་ཡོད།

སྙན་སྒྲོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་"མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དང་བསྟུན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བྱེད་དགོས"ཞེས་གསུངས་པ་ལྟར། ར་ལུང་པ་སྡེ་བས་རང་གི་ས་གནས་ཀྱི་རྩྭ་སའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ། བོད་ལུག་གསོ་སྤེལ་གྱི་ཐོན་ལས་ཤིག་གཉེར་ནས་མི་དམངས་ཀྱི་འཚོ་བ་དེ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་པ་དེས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་ཀྱིས་མཚོན་པར་མ་ཟད། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ར་ལུང་པ་སྡེ་བའི་འབྲོག་ལུག་གསོ་སྤེལ་ཐོན་ལས་དེའི་དགེ་མཚན་སྐོར་གླེང་སྐབས་སྡེ་བ་དེའི་རྒན་པོ་ཤ་བོ་ཚེ་རིང་དགའ་སྤྲོ་དང་བཅས་ཏེ་འདི་ལྟར་བཤད།

ང་ཚོ་སྡེ་བ་འདི་ལ་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཅང་ཡོད་ནི་མ་རེད། དེ་བས་སྡེ་བའི་ལས་བྱེད་པ་དང་ཏང་ཡོན། ལོ་ལོན་རྒན་པ་བཅས་ཀྱིས་གྲོས་བྱས་ནས་སྡེ་བའི་རྩྭ་སའི་ཐོན་ཁུངས་ལེགས་པས་ཕྱུགས་འཚོ་རྒྱུར་གྲོས་མཐུན་བྱུང་ནས་ན་ནིང་ལུག་ཉོས་ནི་རེད། ན་ནིང་ལུ་གུ་རྩེབ་པ་བཟང་གི ད་ལོ་དེ་ལས་ཀྱང་མང་པའི་ལུ་གུ་ཉིས་བརྒྱ་དང་དང་སུམ་ཅུ་ལྷག་ཅིག་རྩེབ་འདུག་པས་ང་ཚོ་དགའ་ནས་བསྡད་ཡོད།

སྙན་སྒྲོན་པ། ར་ལུང་པ་སྡེ་བའི་འབྲོག་ལུག་གསོ་སྤེལ་གྱི་ཐོན་ལས་དེ་གཉེར་ནས་དུས་ཡུན་རིང་པོ་ཞིག་འགོར་མེད་ཀྱང་། སྡེ་བ་དེའི་རྩྭ་སའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཕྱུགས་རྫི་དག་གིས་སེམས་ཞིབ་མོས་འཚོ་སྐྱོང་བྱས་པར་བརྟེན། དང་ཐོག་བིས་མདོ་བོད་རིགས་ཡུལ་ཚོས་མ་དངུལ་དངོས་འབེབས་བྱས་ནས་ཉོས་པའི་ལུག་ཉིས་བརྒྱ་ལྷག་ལས་མེད་པའི་ལུག་ཁྱི་དེ་ད་ལྟ་ལུག་བརྒྱད་བརྒྱ་ལྷག་ཙམ་ཡོད་པའི་ལུག་ཁྱུ་ཆེན་པོ་ཞིག་ཏུ་གྱུར་འདུག གཡང་མོ་སྐྱིད་བཟའ་ཟླ་གཉིས་ལ་ལུག་འཚོ་སྐྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པས་ར་ལུང་པ་སྡེ་བས་ཆེད་དུ་ཕྱི་ནས་ལུག་རྫིར་གླས་པ་ཞིག་ཡིན་ཞིང་། ཁོ་བཟའ་ཟླ་གཉིས་ཀྱིས་ཀྱང་སྡེ་བ་དེའི་ལུག་འཚོ་སྐྱོང་བྱས་པར་བརྟེན་ནས་ཡོང་སྒོ་འོས་འཚམ་ཞིག་ལེན་བཞིན་འདུག

ངེད་བཟའ་བ་གཉིས་ཀྱིས་སྡེ་བ་འདིའི་ལུག་འཚོས་ནས་བསྡད་ཡོད། ངེད་གཉིས་ལ་ལོ་གཅིག་ལ་སྒོར་མོ་ཁྲི་དྲུག་དང་སྟོང་ལྔ་སྟེར་བཞིན་ཡོད་པས་ཡོང་སྒོ་ཧ་ཅང་བཟང་གི

སྙན་སྒྲོན་པ། ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གཞིར་བཟུང་ནས། མི་དམངས་མང་ཚོགས་ཀྱི་འཚོ་བའི་བདེ་རྩར་ཐུག་པའི་གནད་དོན་མང་པོ་ཞིག་དངོས་སུ་ཐག་གཅོད་གང་ལེགས་བྱས་ཏེ། རིགས་སོ་སོའི་མི་དམངས་མང་ཚོགས་དུས་རབས་གསར་བའི་སྐྱོད་ལམ་གསར་བར་སྐྱོད་པར་སྣེ་ཁྲིད་དང་སྐུལ་སློང་བྱས་པས། ད་ལྟ་ར་ལུང་པ་སྡེ་བའི་མི་དམངས་མང་ཚོགས་རྣམས་མཛེས་སྡུག་བདེ་སྐྱིད་འཚོ་བའི་བཞུད་ལམ་དུ་ཡིད་ཆེས་དང་སྤོབས་པས་སྐྱོད་བཞིན་འདུག

སྙན་སྒྲོན་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། བདེ་སྐྱིད་འཚོ་བའི་བཞུད་ལམ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

                                                                            གསར་འགོད་པ། གཡང་འབུམ་རྒྱལ། རིག་འཛིན་སྒྲོལ་མ།

                                                                            རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ། 

                                                                           ལྟ་སྐུལ་པ། དབང་གྲགས་ཚེ་རིང་།