ཀ་རིང་ལུང་པའི་མུ་ཏིག་དཀར་པོ།
2023.05.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 150

སྙན་སྒྲོན་པ།  ཉན་མཁན་རྣམ་པ།  ཐེངས་འདིའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་སྟར་གསར་འགྱུར་ཏེ། དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ་ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཀ་རིང་ལུང་པའི་མུ་ཏིག་དཀར་པོ་ཞེས་པར་ཉན་རོགས་གནོངས།

སྙན་སྒྲོན་པ།མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ནི་རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་ཀྱི་མཚོ་འཕང་ལ་རྨིད་ཆིག་སྟོང་བརྒྱད་བརྒྱ་ལྷག་གི་མཐོ་ཚད་དུ་ཆགས་ཡོད་པ་དང་། ལྟོས་བཅས་ཀྱིས་ས་བབ་ཀྱི་མཐོ་ཚད་ཅུང་དམའ་བས་ཉིན་འདི་ཚོར་ག་ས་གང་དུ་དཔྱིད་ཀྱི་དཔལ་མོའི་བཞིན་གསར་གྱི་རྣམ་པས་ཡོངས་སུ་ཁེངས་འདུག  རྫོང་མཁར་ནས་ལྷོ་བྱང་ཕྱོགས་སུ་སྤྱི་ལེ་སོ་ལྔའི་ལམ་ཐག་བརྒྱུད་ན་ད་གཟོད་ཀ་རིང་ཞེས་པའི་ཡུལ་ཚོ་དེར་ཐོན་ཐུབ། ཡོངས་གྲགས་སུ་ཀ་རིང་ཞེས་པ་ནི་ཡུལ་དེའི་ལོ་བ་སྡེ་བ་དང་ཟམ་དཀར་སྡེ་བའི་བར་གྱི་རང་བྱུང་གི་ས་རྡོའི་རྣམ་པ་དེ་མཐོང་བ་ཙམ་གྱིས་ཀ་བ་རིང་བོ་གཉིས་ཀྱི་དབྱིབས་སུ་ཆགས་ཡོད་པས་མིང་དེ་ལྟར་དུ་ཐོགས་པར་བཤད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་  ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཏང་སྟེ། མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས།ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་དམ་པོར་བཟུང་ནས།གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ནས།ཀ་རིང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ཀྱི་ཞིང་ཕྱུགས་ལས་སྐོར་གྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་དོན་འཁྱོལ་བྱས་ཏེ།འབད་བརྩོན་ཆེན་པོས་ས་གནས་ཀྱི་ཐོན་ཁུངས་གཞིར་བཟུང་སྟེ་ཞིང་ཕྱུགས་གཙོ་བོར་གཉེར་བའི་ས་ཁུལ་དེའི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་པས།ད་ལྟ་ཀ་རིང་ཡུལ་ཚོའི་སྡེ་བ་སྐོར་ཞིག་གི་ཞིང་ཕྱུགས་ཐོན་སྐྱེད་འཚོ་བའི་ཐད་ལ་འགྱུར་ལྡོག་གསར་བ་བྱུང་དང་འབྱུང་བཞིན་འདུགདེའི་སྐོར་ནས་ཀ་རིང་ཡུལ་ཚོའི་དམངས་ཆེན་གྱི་ཀྲུའུ་ཞི་དཀོན་མཆོག་རྡོ་རྗེས་འདི་ལྟར་བཤད།

ང་ཚོ་ཀ་རིང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གོང་འོག་བར་གསུམ་ཚང་མས་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་དུ་བསྟར་ནས། གྲོང་གསེབ་དར་སྤེལ་གྱི་ལམ་ཁ་འདིར་མཚོན་ནས་བཤད་ན་ད་ལྟ་ལས་བཞིན་པ་ལ་ཀྲུང་གོའི་རྡོ་སྣུམ་དང་རིག་གསུམ་ཁུག  ས་གནས་ཀྱི་ཕྱུག་རའི་ནས་ཆང་སོགས་མང་པོ་ལས་ཡོད། ནང་སྒོས་སུ་ཉིས་སྟོང་ཉེར་གཉིས་ལོར་ང་ཚོས་ལོ་བ་སྡེ་བ་ཞིང་ལམ་དང་ཆུ་རྐ། ཆུ་མཛོད། ར་མ་གསོ་ས་སོགས་སྡེ་བའི་ཐིན་མོང་དཔལ་འབྱོར་གོང་འཕེལ་དུ་འགྲོ་བའི་ཐད་རབ་དང་རིམ་པ་ལས་ཡོད། ད་ལོའི་འཆར་གཞི་ཡིན་རྒྱུ་ན་ནས་ནག་དང་ཞོག་ཁོག  སྐེ་ཚེ་སོགས་ས་གནས་ཀྱི་ཐོན་ལས་ལ་ཤུགས་བསྣན་ནས་གྲོང་གསེབ་དར་སྤེལ་གྱི་ལམ་ཁ་ཇེ་རྒྱས་དང་ཇེ་ལེགས་སུ་གཏོང་རྩིས་ཡོད།

སྙན་སྒྲོན་པ།ད་ལྟ་ཡུལ་དེའི་མི་རྣམས་ཀྱིས་ཀ་རིང་ལུང་པའི་མུ་ཏིག་དཀར་པོར་འབོད་པའི་ལོ་བ་སྡེ་བའི་རྒྱུད་བཟང་ར་མ་དཀར་པོ་གསོ་སྤེལ་བྱེད་པའི་རྟེན་གཞི་དེ་ནི། ཀ་རིང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ལོ་བ་སྡེ་བའི་ས་བབ་ཀྱི་ཁྱད་ཆོས་དང་རྩྭ་སའི་ཐོན་ཁུངས་ཀྱི་དགེ་མཚན་གཞིར་བཟུང་ནས་དངོས་འབེབས་བྱས་པའི་ཁྱད་ལྡན་གསོ་སྤེལ་ཐོན་ལས་ཀྱི་ལས་གཞི་ཞིག་རེད།  ལོ་བ་སྡེ་བར་ལས་གཞི་དེ་འདྲ་ཞིག་ལག་བསྟར་བྱེད་པའི་དམིགས་ཡུལ་དང་བརྒྱུད་རིམ་སྐོར་ནས་ཀ་རིང་ཡུལ་ཚོའི་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཆོས་སྐྱོང་སྐྱབས་ཀྱིས་མཚམས་སྦྱོར་རགས་ཙམ་ཞིག་འདི་ལྟར་བྱས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཁྲོད། ཞིང་ཕྱུགས་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་བཅས་ཀྱི་དམངས་ཕན་སྲིད་ཇུས་མང་པོ་ཞིག་བཏོན་འདུག  དེ་བས་ཀ་རིང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དང་དཔལ་འབྱོར་གོང་འཕེལ་ལ་འགྲོ་བར་དམིགས་ནས། ལོ་བ་སྡེ་བར་ར་མ་གསོ་བའི་ལས་གཞི་འདི་འདྲ་ཞིག་བརྩོན་ལེན་བྱས་པ་དང་དེར་མ་དངུལ་སྒོར་མོ་འབུམ་བརྒྱད་བཏང་། ད་ལྟ་འདི་ན་ར་མ་སུམ་བརྒྱ་ལྷག་ཅིག་ཡོད། ད་ལྟ་ཕྱུག་རའི་ནས་ཆང་དང་ལོ་བ་སྡེ་བའི་ར་མ་གསོ་ས་སོགས་ནི་ཀ་རིང་ཡུལ་ཚོའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད།

སྙན་སྒྲོན་པ། སྤྱིར་ས་ཁུལ་ཞིག་འབྱོར་ཕྱུག་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ན། ཐོག་མར་ས་ཁུལ་དེར་དཔལ་འབྱོར་གྱི་རྟེན་གཞི་ལེགས་པོ་ཞིག་ཅི་ནས་ཀྱང་དགོས་གལ་ཆེ་བ་སྨྲས་མ་དགོས་ཤིང་།  ལོ་བ་སྡེ་བས་རྒྱུད་བཟང་ར་མ་དཀར་པོ་གསོ་སྤེལ་བྱེད་པའི་རྟེན་གཞི་དེ་བཙུགས་པ་ནས་བཟུང་། སྔོན་ཆད་སྡེ་བ་དེར་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་མེད་པའི་ལོ་རྒྱུས་གཞི་ནས་མཇུག་རྫོགས་པར་མ་ཟད། ད་ལྟ་སྡེ་མི་ཚང་མ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱོད་ལམ་གསར་པར་བསྐྱོད་པའི་སྤོབས་པ་རབ་ཏུ་རྒྱས་འདུག  དེའི་སྐོར་ནས་ལོ་བ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་ཐར་གྱིས་བཤད་རྒྱུར།

ང་ཡིན་ན་ཀ་རིང་ཡུལ་ཚོ་ལོ་བ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན། སྔོན་ཆད་ང་ཚོའི་སྡེ་བར་གཞུང་རྒྱུའི་ཕྱོགས་ནས་ཡོང་སྒོ་འདི་མོ་མེད། དེ་བས་ཉིས་སྟོང་ཉེར་གཉིས་ལོར་ར་མ་གསོ་ས་འདི་མོ་ཞིག་འཛུགས་མགོ་བརྩམས་པ་ཡིན། ན་ནིང་གྲོང་གསེབ་དར་སྤེལ་གྱི་གནས་གཞིའི་སྡེ་བའི་གྲས་སུ་ཡང་ཚུད་སོང་། ང་ཚོའི་རྩྭ་སའི་ཁྱབ་རྒྱ་ཅུང་ཆེ་བས་ཟོག་འཚོ་བར་འཚམ་པོ་ཡོད། དེ་བས་རྗོང་ཏང་ཨུ་དང་སྲིད་གཞུང་། ཀ་རིང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་རྒྱབ་སྐྱོར་འོག་ལས་གཞི་འདི་འདྲ་ཞིག་ད་ལྟ་དངོས་སུ་ལག་བསྟར་བྱས་པ་དང་། ལོ་རེ་བཞིན་སྒོར་མོ་ཁྲི་གཅིག་དང་སྟོང་དྲུག་ཙམ་ཇེ་མང་དུ་བཏང་ནས་སྡེ་བའི་གཞུང་རྒྱུ་ཇེ་མང་དུ་གཏོང་བར་ཆ་རྐྱེན་བསྐྲུན་བཞིན་ཡོད།

སྙན་སྒྲོན་པ།  དཔྱིད་དཔལ་བུ་མོའི་གོམ་སྟབས་གནས་འདིར་དལ་བར་སླེབས་པ་དང་བསྟུན་ནས། ཉིན་འདི་ཚོར་ཡུལ་འདིའི་སྣོད་བཅུད་ཀྱི་མཛེས་པ་རེ་རེས་མི་རྣམས་ལ་ཡིད་འོང་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་ཅི་དགར་སྟེར་ཞིང་། ང་ཚོ་ཀ་རིང་ལུང་པ་བརྒྱུད་ནས་ལོ་བ་སྡེ་བའི་ཕྱོགས་སུ་བསྐྱོད་དུས། གཞུང་ལམ་འགྲམ་གྱི་སྤང་ཐང་དུ་མུ་ཏིག་དཀར་པོའི་ཕྲ་རྒྱན་བཀོད་པ་ལྟ་བུའི་ར་ཁྱུ་དཀར་པོ་ཞིག་དཔྱིད་ཟླ་གསུམ་གྱི་རྩྭ་ལྗང་གི་མྱུ་གུའི་ཁྲོད་ན་བག་ཡངས་སུ་རྒྱུ་བ་མཐོང་བྱུང་། འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན་མ་གཞིར་དེ་ནི་ཡུལ་འདིའི་མི་རྣམས་ཀྱིས་ཀ་རིང་ལུང་པའི་མུ་ཏིག་དཀར་པོར་འབོད་པའི་ལོ་བ་སྡེ་བའི་ར་ཁྱུ་དཀར་པོ་དེ་རེད། ང་ཚོ་རྒྱུད་བཟང་ར་མའི་གསོ་སྤེལ་རྟེན་གཞིར་ཐོན་དུས། གསོ་སྤེལ་རྟེན་གཞི་དེའི་འགན་འཛིན་པ་མིང་མེད་བཟའ་མི་གཉིས་ཀྱིས་ར་མའི་ཁུ་ལུ་ལེན་བཞིན་པའི་སྐབས་དང་འཁེལ་འདུག ང་ཚོ་མཐོང་མ་ཐག་མིང་མེད་ཀྱིས་མྱུར་དུ་ལས་མཚམས་བཞག་སྟེ་ང་ཚོ་ལ་ཁ་བརྡ་འདི་འདྲ་ཞིག་བྱས་བྱུང་།

ང་ཚོར་ཡུལ་ཚོ་སྲིད་གཞུང་གིས་དངོས་འབེབས་བྱས་པའི་ར་མ་ཉོ་སྤྱད་ཀྱི་སྒོར་མོ་འདི་འདྲ་ཞིག་ཡོད་སོང་། ང་རང་ཉིད་ཡིན་ན་ཕྱུགས་འཚོ་སྐྱོང་བྱེད་པར་དགའ་བོ་ཡོད། དེ་ལྟར་སྡེ་བས་གྲོས་ཁ་བསྡུར་རྗེས་ར་མ་གསོ་བའི་ལས་ཀ་གཞི་འདི་ང་རང་གི་འགན་དུ་བླངས་པ་ཡིན། རྗེས་ཕྱོགས་ལོ་རེ་བཞིན་སྡེ་བར་སྒོར་མོ་ཁྲི་གཅིག་དང་སྟོང་ལྔ་སྤྲོད་པ་དང་། དེ་ནས་ལོ་རེ་བཞིན་ཇེ་མཐོར་བཏང་སྟེ་སྡེ་བ་གཞུང་གི་ཡོང་འབབ་ཁྲོད་འཇོག་དགོས། ར་མའི་ཡོང་སྒོ་གཙོ་བོ་ནི་ར་ཁུལ་ཡིན། ར་མ་ལ་ལས་རྒྱབ་ན་ར་ཁུལ་སྲང་བདུན་དང་ལ་ལས་རྒྱབ་ན་རྒྱ་མགང་ཙམ་ཡོད། དེ་ལས་གཞན་པའི་ཡོང་སྒོ་ནི་རེའུ་ཕྲུག་རྩེབ་རྒྱུ་དེ་རེད། ད་ལྟ་ར་མ་སུམ་བརྒྱ་ལྷག་ཉོས་ཡོད་ལ་རེའུ་བརྒྱད་ཅུ་ཙམ་རྩེབ་ཡོད། ད་དུང་རེའུ་བཞི་བཅུ་ཙམ་རྩེབ་རྒྱུ་ཡོད།

སྙན་སྒྲོན་པ།  སྙིང་ཉེ་ལ་གྲུང་ཤ་དོད་པའི་རེའུ་དཀར་པོ་དེ་དག་གི་མཆོང་རྒྱུག་དང་འབའ་སྐད་གཉོམ་པོའི་ཁྲོད། ཀ་རིང་ལུང་པའི་མུ་ཏིག་དཀར་པོར་འབོད་པའི་ར་ཁྱུ་དཀར་པོ་དེའི་བདག་པོ་སྟེ་མིང་མེད་ཀྱིས་ང་ཚོར་རང་གི་འཚོ་བར་བཅངས་པའི་ཡིད་ཀྱི་སྤྲོ་དགའ་དང་རེ་སྨོན་དེ་ལྟར་བརྗོད་པ་བརྒྱུད་ནས་ང་ཚོའི་ཉིན་གཅིག་གི་བཅར་འདྲིའི་ལས་རིམ་ཡང་རེ་ཞིག་མཇུག་རྫོགས་པ་ཡིན།

སྙན་སྒྲོན་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཀ་རིང་ལུང་པའི་མུ་ཏིག་དཀར་པོ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

                                                                                  གསར་འགོད་པ། གཡང་འབུམ་རྒྱལ། རིག་འཛིན་སྒྲོལ་མ། 

                                                                                   རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ། 

                                                                                    ལྟ་སྐུལ་པ།  དབང་གྲགས་ཚེ་རིང་།