དྲི་བ་བདུན་ཅུ། བགོ་བཤའི་ལམ་ལུགས་ནི་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་ཤིག་ཡིན་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.05.11 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 16

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“བགོ་བཤའི་ལམ་ལུགས་ནི་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་ཤིག་ཡིན”ཞེས་བསྟན་ཡོད། བརྡར་གཅོད་གལ་ཆེན་འདིས་ང་ཚོས་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་རྒྱུན་ཆད་མེད་པར་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱེད་པ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་མངོན་གསལ་དོད་པོའི་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་བར་དོན་སྙིང་གལ་ཆེན་ལྡན།

དང་པོ། བགོ་བཤའི་ལམ་ལུགས་ནི་ནུས་ལྡན་སྐུལ་སློང་དང་ལུགས་མཐུན་བགོ་བྱ་མངོན་འགྱུར་བྱེད་པའི་གནད་འགག་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་རེད། མཉམ་དུ་ཕྱུག་པོར་འགྱུར་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་མཉམ་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ཐོག་མར་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་སྔར་ལས་མཐོ་བ་གསར་སྐྲུན་བྱེད་པ། རྒྱུ་ནོར་མུ་མཐུད་དུ་གསར་སྐྲུན་དང་གསོག་འཇོག་བྱས་ནས་མཉམ་དུ་ཕྱུག་པོར་འགྱུར་བར་དངོས་པོའི་རྨང་གཞི་གང་ལེགས་བསྐྲུན་དགོས། འདི་ལ་བགོ་བྱའི་ལམ་ལུགས་ཀྱི་སྐུལ་སློང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ཆེས་རྒྱ་ཆེ་བའི་སྒོ་ནས་སྐུལ་སློང་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ནུས་ལྡན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ཏེ། མཉམ་དུ་འབད་བརྩོན་སྒོས“དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ཀྱི་རྒྱུ་ནོར་བགོ་བྱ”ལེགས་པོ་རྒྱག་དགོས། དུས་མཚུངས་སུ། ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་བྱེད་པ་བརྒྱུད་དེ་འཕར་སྣོན་དང་བགོ་བཤའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་།“དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ཀྱི་རྒྱུ་ནོར” བགོ་བཤའ་ལེགས་པོ་རྒྱག་དགོས་ལ།  མཐའ་གཉིས་སུ་གྱེས་པར་སྔོན་འགོག་བྱས་ཏེ། མི་དམངས་ཡོངས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས།

གཉིས་པ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་གཞི་རྩའི་ལམ་ལུགས་ཀྱི་འགན་སྲུང་ཡིན། ང་ཚོ་མཉམ་དུ་ཕྱུག་པོ་ཡོང་བ་མངོན་འགྱུར་བྱེད་དགོས་ན། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆེས་གལ་ཆེ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་པ་དང་བགོ་བཤའ་སྣ་མང་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་ཡོད་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བའི་ཆུ་ཚད་དང་ཡང་འཚམ་ཡོད། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་ན་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ལ་རྐང་ཚུགས་དགོས་པ་དང་།“གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས”རྒྱུན་འཁྱོངས་དང་། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་ཞིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ལ་དབང་བའི་ལམ་ལུགས་དཔལ་འབྱོར་གྱིས་མཉམ་དུ་ཕྱུག་པོར་འགྱུར་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། དུས་མཚུངས་སུ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། མི་སྐོར་ཞིག་སྔོན་ལ་ཕྱུག་པོར་འགྱུར་ཆོག་ལ།དུས་མཚུངས་སུ་སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་རྗེས་མར་ཕྱུག་པོ་འགྱུར་མཁན་ལ་སྣེ་ཁྲིད་དང་།  རྗེས་མར་ཕྱུག་པོ་འགྱུར་བར་རོགས་རམ་བྱེད་དགོས་པ་ནན་གྱིས་བསྟན་པ་དང་། དཀའ་སྤྱད་སྒོས་ངལ་རྩོལ་བྱེད་པ་དང་། ཁྲིམས་མཐུན་སྒོས་ལས་གཉེར། ལས་སྐྲུན་བྱེད་ཕོད་པ་བཅས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་གཙོ་བོར་བཟུང་ནས་སྐུལ་མ་བྱེད་པ་དང་། ཁྲིམས་འགལ་ལུགས་འགལ་གྱི་རིགས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་པ་དེས་བགོ་བཤའི་ལམ་ལུགས་ཀྱི་སྐུལ་སློང་ནང་རྐྱེན་འདོན་སྤེལ་གང་ལེགས་བྱས་ཏེ། ངལ་རྩོལ་དང་། ཤེས་བྱ། ལག་རྩལ། གཞི་གྲངས། དོ་དམ། མ་རྩའི་གསོན་ཤུགས་བཅས་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་གྱུར་ནས་སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་གཏོད་བྱེད་པའི་འབྱུང་ཁུངས་ཡོད་ཚད་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོ་འགྱུར་པར་སྐུལ་འདེད་གཏོང་བར་དངོས་པོའི་རྨང་གཞི་སྔར་ལས་བརྟན་པོ་ཞིག་བསྐྲུན་དགོས། དུས་མཚུངས་སུ་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཡང་བསྐྱར་བགོ་བཤའ་རྒྱག་པའི་སྒྲིག་སྲོལ་བཀོལ་སྤྱོད་བྱེད་པ་དེས་མི་དམངས་ཡོངས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དང་སྔར་ལས་འདྲ་མཉམ་གྱིས་ལོངས་སྤྱོད་བྱེད་དུ་འཇུག་དགོས།

གསུམ་པ། བགོ་བྱའི་ལམ་ལུགས་ཀྱིས་འཕེལ་རྒྱས་དང་བགོ་བྱ། དགོས་མཁོ་དང་ཐུབ་ཚད། སྔོན་ལ་ཕྱུག་པོ་ཆགས་མཁན་དང་རྗེས་མར་ཕྱུག་པོ་འགྱུར་མཁན་བར་གྱི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱེད་པའི་ཐད་བགོ་བཤའི་ལམ་ལུགས་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད། ང་ཚོས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཨང་དང་པོར་བཞག་ནས་འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། ནུས་ཤུགས་སྔར་ལས་ཆེན་པོ་དང་བྱེད་ཐབས་སྔར་ལས་ངོ་མའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ཇེ་མང་དུ་གཏོང་དགོས། དུས་མཚུངས་སུ། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་ཡུན་རིང་གི་དམིགས་འབེན་ཞིག་ཡིན་པས། དེ་བྱེད་ཐེངས་གཅིག་གིས་འགྲུབ་མི་ཐུབ་ལ། དེའི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ཚོད་དཔག་གང་ལེགས་བྱེད་དགོས་ཤིང་། ང་ཚོས་ཆ་རྐྱེན་བསྐྲུན་ནས་གོམ་པ་བརྟན་པོའི་སྒོ་ནས་དམིགས་འབེན་དེའི་ཕྱོགས་སུ་བསྐྱོད་དགོས་པ་ཡང་ངེས་པར་དུ་ཤེས་པར་བྱེད་དགོས། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་རྒྱུ་ནི་སྤྱི་ཡོངས་ཀྱི་གོ་དོན་ཞིག་ཡིན་ཞིང་། སྤྱི་ཚོགས་ཡོངས་ལ་མཚོན་ནས་བཤད་ན། མི་གྲངས་དུང་ཕྱུར14ལྷག་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་དགོས་ན། མི་ཚང་མ་དུས་གཅིག་ཏུ་ཕྱུག་པོར་འགྱུར་མི་ཐུབ་ལ། ས་ཁུལ་ཡོད་ཚད་དུས་གཅིག་ཏུ་ཕྱུག་པོར་འགྱུར་བའི་ཆུ་ཚད་དུའང་སླེབས་མི་ཐུབ་ཅིང་། མི་ཚོགས་མི་འདྲ་བ་ཕྱུག་པོར་འགྱུར་བའི་ཆུ་ཚད་ལའང་མཐོ་དམའ་ཡོད་པ་དང་། དུས་ཚོད་ཀྱི་སྟེང་ཡང་སྔ་ཕྱི་ཡོད་པས། ས་ཁུལ་མི་འདྲ་བ་ཕྱུག་པོར་འགྱུར་བའི་ཆུ་ཚད་ལ་ད་དུང་བར་ཁྱད་ངེས་ཅན་ཡོད་པས། དཔུང་བ་མཉམ་སྐྱོད་བྱེད་མི་ཐུབ་པ་རེད། མཉམ་དུ་ཕྱུག་པོར་འགྱུར་བ་ནི་འགུལ་རྣམ་ཁྲོད་མདུན་དུ་སྐྱོད་པའི་བརྒྱུད་རིམ་ཞིག་ཡིན་པས། མཉམ་དུ་ཕྱུག་པོ་འགྱུར་བར་སྐུལ་འདེད་གཏོང་ན་དགོས་མཁོ་དང་ཐུབ་ཚད་ལ་གཅིག་གྱུར་གྱིས་འཆར་འགོད་ལེགས་པོ་བྱེད་དགོས་ཤིང་། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་དཔལ་འབྱོར་འཕེལ་རྒྱས་དང་རྒྱུ་ཤུགས་རྒྱུན་མཐུད་ཀྱི་རྨང་གཞིའི་སྟེང་བཙུགས་ནས། ངལ་རྩོལ་གྱི་གླ་ཆ་ཇེ་མཐོར་གཏོང་བ་དང་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་ཇེ་མཐོར་གཏོང་བ་གཉིས་གཞི་རྩའི་ཆ་ནས་གཅིག་མཐུན་ཡིན་པ་དང་། སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཞི་རྩའི་ཆ་ནས་གཅིག་མཐུན་ཡོང་བར་བྱས་ཏེ། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དེ་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་འཛུགས་ཐུབ་པར་འགན་སྲུང་བྱེད་དགོས་པ་མ་ཟད། འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། སྲིད་གཞུང་གིས་གང་ཐུབ་ཅི་ཐུབ་དང་། ནུས་ཤུགས་གང་ཡོད་ཀྱིས་སྒྲུབ་དགོས་པ་དང་། རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་ཚིས་འགན་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། ཕན་བདེ་རིང་ལུགས་ཀྱི་རྒྱ་རྙིར་ལྷུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་ལ། འཕེལ་རྒྱས་དང་བགོ་བཤའ་དང་། ལས་ཆོད་དང་འདྲ་མཉམ། སྔོན་ལ་ཕྱུག་པོར་འགྱུར་བ་དང་རྗེས་སུ་ཕྱུག་པོར་འགྱུར་བའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།