དྲི་བ་དོན་གཅིག ཐོག་མའི་བགོ་བཤའ་དང་ཡང་བསྐྱར་བགོ་བཤའ། བགོ་བཤའ་ཐེངས་གསུམ་པ་བཅས་ཀྱི་མཐུན་སྦྱོར་ཆ་འགྲིག་གི་ལམ་ལུགས་མ་ལག་འཛུགས་པར་གོ་བ་ཇི་ལྟར་ལེན་དགོས།
2023.05.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བགོ་བཤའ་དང་། ཡང་བསྐྱར་བགོ་བཤའ། བགོ་བཤའ་ཐེངས་གསུམ་པ་བཅས་ཀྱི་མཐུན་སྦྱོར་ཆ་འགྲིག་གི་ལམ་ལུགས་མ་ལག་འཛུགས་དགོས”ཞེས་བསྟན་ཡོད།  བཀོད་སྒྲིག་གལ་ཆེན་འདི་ལས་ཕྱོད་དང་དྲང་གཞག་གི་འབྲེལ་བ་ཐག་གཅོད་ཡང་དག་དང་།  འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་མི་དམངས་ཀྱི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཡོང་འབབ་ཀྱི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏོང་བ་བཅས་བྱས་ནས། མཉམ་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་གྱི་ཕྱོགས་སུ་ཏན་ཏིག་གིས་བསྐྱོད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

ཐོག་མའི་བགོ་བཤའི་ལམ་ལུགས་དང་།   ཡང་བསྐྱར་བགོ་བཤའི་ལམ་ལུགས།  བགོ་བཤའ་ཐེངས་གསུམ་པའི་ལམ་ལུགས་བཅས་ལ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཁྲོད་དུ་བྱེད་ནུས་དང་ནུས་པ་མི་འདྲ་བ་ཡོད་པས། ཕན་ཚུན་མཐུན་སྦྱོར་ཆ་འགྲིག་བྱེད་དགོས།

ཐོག་མའི་བགོ་བཤའ་ནི་ས་ཞིང་དང་། མ་རྩ། ངལ་རྩོལ།   གཞི་གྲངས་སོགས་ཐོན་སྐྱེད་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཐོན་སྐྱེད་བརྒྱུད་རིམ་ཁྲོད་བྱས་རྗེས་འཇོག་པར་གཞིགས་ནས་བགོ་བཤའ་རྒྱག་པ་ཞིག་ཡིན།  ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད་པས།  ཐོན་སྐྱེད་རྒྱུ་རྐྱེན་སྣ་ཚོགས་ཀྱི་མུ་མཐའི་བྱས་རྗེས་ཀྱིས་ཐག་བཅད་པའི་རྒྱུ་རྐྱེན་རིན་གོང་ལྟར་རྒྱུ་རྐྱེན་གླ་ཆ་བགོ་བཤའ་རྒྱག་པ་འདི་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཐོག་མའི་བགོ་བཤའི་གཞི་རྩའི་རྩ་དོན་ཡིན། ཐོན་སྐྱེད་རྒྱུ་རྐྱེན་གྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་།   ཐོན་སྐྱེད་ལས་ཕྱོད་ཆེ་རུ་བཏང་སྟེ།   སྔར་ལས་ལྷག་པར“དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་།  སྤྱི་ཚོགས་ཀྱི་རྒྱུ་ནོར་བགོ་བཤའ་ལེགས་པོ་རྒྱག་པར” རྨང་གཞི་འདོན་སྤྲོད་བྱེད་པ་འདི་ནི་མཉམ་དུ་ཕྱུག་པོར་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཡིན།   ངལ་རྩོལ་གླ་ཆས་ཐོག་མའི་བགོ་བཤའི་ཁྲོད་ཟིན་པའི་བསྡུར་ཚད་ཇེ་མཐོར་གཏོང་གང་ཐུབ་བྱས་ཏེ། མང་ལས་མང་ཐོབ་རྒྱུན་འཁྱོངས་དང་ལས་བརྩོན་ཕྱུག་འགྱུར་ལ་བསྔགས་སྐུལ།  ངལ་རྩོལ་གྱི་གླ་ཆ་གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བཅས་བྱེད་དགོས།  གླ་ཆའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།  གླ་ཆ་ལུགས་མཐུན་ངང་འཕར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ངལ་རྩོལ་པ་དང་ལྷག་པར་དུ་ལས་ཡུལ་དང་པོའི་ངལ་རྩོལ་པའི་ངལ་རྩོལ་གླ་ཆ་ཇེ་མང་དུ་གཏོང་བ།  ཡོང་འབབ་དམའ་བའི་མི་སྣའི་ཡོང་འབབ་ཇེ་མཐོར་གཏོང་བ་བཅས་བྱེད་དགོས།  རྒྱུ་རྐྱེན་ལ་གཞིགས་ནས་བགོ་བཤའ་རྒྱག་པའི་སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ངལ་རྩོལ་དང་མ་རྩ།  ས་ཞིང་། ཤེས་བྱ།  ལག་རྩལ།  དོ་དམ།  གཞི་གྲངས་སོགས་ཐོན་སྐྱེད་རྒྱུ་རྐྱེན་དག་ཁྲོམ་རའི་ཐོག་ནས་བྱས་རྗེས་འཇོག་པར་གདེང་འཇོག་བྱེད་པ་དང་། བྱས་རྗེས་ལ་གཞིགས་ནས་གླ་ཆ་ཐག་གཅོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ས་ཞིང་དང་མ་རྩ་སོགས་རྒྱུ་རྐྱེན་གྱི་སྤྱོད་དབང་དང་ཁེ་ཕན་ཐོབ་དབང་བརྒྱུད་ནས་ཡོང་འབབ་འབྲིང་དམའི་མང་ཚོགས་ཀྱི་རྒྱུ་རྐྱེན་ཡོང་འབབ་ཇེ་མང་དུ་གཏོང་བར་འཚོལ་ཞིབ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་དང་།  ཞིང་སྡེའི་ས་ཞིང་། དངུལ་རྩའི་རྒྱུ་ནོར་སོགས་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་སྣ་ཚོགས་ཇེ་མང་དུ་གཏོང་དགོས། གོ་སྐབས་དྲང་གཞག་ཡོང་བར་སྐུལ་འདེད་དང་། ཡོང་འབབ་དམའ་བའི་མི་ཚོགས་སྔར་ལས་མང་པོ་ཡོང་འབབ་འབྲིང་གྲས་སུ་སླེབས་པ་དང་ཡོང་འབབ་འབྲིང་གྲས་ཚོགས་སྤྱིའི་གཞི་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི། ཐོག་མའི་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་གཙོ་གནད་ཡིན་ལ། མཉམ་དུ་ཕྱུག་པོར་འགྱུར་བའི་འགག་རྩའི་བརྒྱུད་རིམ་ཀྱང་ཡིན།  གཙོ་གནད་མི་ཚོགས་ལ་དོ་ཁུར་བྱས་ནས་གོ་སྐབས་དྲང་གཞག་ཡོང་བར་སྐུལ་འདེད་བཏང་སྟེ། སློབ་གསོ་དང་། ལས་ཞུགས། ཁྲལ་དངུལ། ཁྱིམ་ཐོ་སོགས་ཀྱི་ཐད་ཁོ་ཚོའི་ཡོང་འབབ་ཇེ་མང་དུ་གཏོང་རོགས་བྱེད་པར་ཕན་པའི་ལམ་ལུགས་དང་སྲིད་ཇུས་ཀྱི་ཁོར་ཡུག་བསྐྲུན་དགོས།

ཡང་བསྐྱར་བགོ་བཤའ་ནི་སྲིད་གཞུང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐོག་མའི་བགོ་བཤའི་རྨང་གཞིའི་ཐོག དཔྱ་ཁྲལ་བསྡུ་བ་དང་སྲིད་གཞུང་གི་ཁྲལ་མིན་ཡོང་འབབ་བསྡུ་ལེན་བྱས་པ་བརྒྱུད། ཡོང་འབབ་ཀྱི་གྲུབ་ཆ་གཙོ་བོའི་ཁག་བར་ལག་དངུལ་ལམ་ཡང་ན་དངོས་པོ་སྤྱད་ནས་ཡོང་འབབ་ཡང་བསྐྱར་བགོ་བཤའ་རྒྱག་པའི་བརྒྱུད་རིམ་ཁྲོད་ཐོག་མའི་བགོ་བཤའི་མི་འདང་བའི་ཆ་ཁ་གསབ་བྱེད་པ་དེ་ཡིན།  ཐོག་མའི་བགོ་བཤའ་དང་མི་འདྲ་བར། ཡང་བསྐྱར་བགོ་བཤའ་རྒྱག་པར་གཙོ་ཁྲིད་ཀྱི་ནུས་པ་ཐོན་པ་ནི་སྲིད་གཞུང་ཡིན་ཞིང་། སྔར་ལས་ལྷག་པར་དྲང་བཞག་གི་རྩ་དོན་ནན་བཤད་བྱེད་པར་རྒྱལ་ཁབ་ཀྱི་དབང་ཆ་བརྒྱུད་ནས་བཙན་ཤེད་ཀྱིས་སྤེལ་བའི་ཁྱད་ཆོས་ལྡན་ཡོད། ཐད་ཀའི་ཡོང་འབབ་གཞན་སྒྱུར་བྱེད་པ་ལས་གཞན།  ཡང་བསྐྱར་བགོ་བཤའ་རྒྱག་སྐབས་ཀྱང་སློབ་གསོ་དང་འཕྲོད་བསྟེན་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱས་པ་བརྒྱུད། གོ་སྐབས་འདྲ་མཉམ་གྱི་ཁོར་ཡུག་བསྐྲུན་པ་དང་ཀུན་ཕན་ལ་སྔར་ལས་དོ་སྣང་བྱས་ཏེ།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་ཆེ་རུ་བཏང་ཡོད། ཡང་བསྐྱར་བགོ་བཤའ་རྒྱག་སྐབས་ངེས་པར་དུ་གཟབ་ནན་གྱི་སྒྲིག་སྲོལ་ལམ་ལུགས་དང་གོ་རིམ་བརྩི་སྲུང་བྱེད་དགོས་པ་དང་།    སྲིད་གཞུང་ལ་ནོར་ཤུགས་ཀྱི་ཚོད་འཛིན་ཐེབས་པའང་ཡང་བསྐྱར་བགོ་བཤའ་རྒྱག་སྐབས་ཕྱོགས་ཡོངས་ཆ་ཚང་ཞིག་ཡོང་མི་སྲིད།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཁྲལ་བསྡུ་དང་།   སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྒེར་གྱི་ཐོབ་ཁྲལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། རྒྱུ་ནོར་གསོག་འཇོག་གི་རྐྱེན་སྲོལ་ཚད་ལྡན་དུ་གཏོང་བ།  ཁྲིམས་མཐུན་གྱི་ཡོང་འབབ་སྲུང་སྐྱོབ་དང་ཡོང་འབབ་མཐོ་དྲགས་པ་སྙོམས་སྒྲིག ཁྲིམས་འགལ་གྱི་ཡོང་འབབ་མེད་པར་བཟོ་བ་བཅས་བྱེད་དགོས”ཞེས་ནན་བཤད་བྱས་ཡོད།  ཁྲལ་བསྡུ་སོགས་ཡང་བསྐྱར་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བརྒྱུད། ཐོག་མའི་བགོ་བཤའི་མཇུག་འབྲས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཐོག་མའི་བགོ་བཤའི་མི་འདང་བའི་ཆ་ཁ་གསབ་བྱེད་དགོས། ཡོང་འབབ་དམའ་བའི་ཚོགས་སྤྱི་དེ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་གཙོ་གནད་རོགས་སྐྱོར་དང་འགན་ལེན་བྱེད་མཁན་མི་ཚོགས་ལ་བརྩིས་ནས། སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་བར་སྐུལ་འདེད་བཏང་སྟེ།   དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཁུར་པོ་ནུས་ལྡན་ངང་ཇེ་ཡང་དུ་གཏོང་དགོས།

བགོ་བཤའ་ཐེངས་གསུམ་པ་ནི་སྔོན་མ་གཉིས་དང་མི་འདྲ་བར་གཙོ་བོ་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས།  ཁྱིམ་ཚང་། མི་སྒེར་སོགས་རང་མོས་ཀྱི་རྩ་དོན་གཞིར་བཟུང་ཏེ།  བསྡུ་རུབ་དང་། ཞལ་འདེབས། རོགས་སྐྱོར།  དགེ་ལས་སོགས་སྙིང་རྗེ་དང་སྤྱི་ཕན་བྱེད་ཐབས་ལ་བརྟེན་ནས་ཁོངས་གཏོགས་ཀྱི་ཐོན་ཁུངས་དང་རྒྱུ་ནོར་བགོ་བཤའ་རྒྱག་པ་དེ་རེད། བགོ་བཤའ་ཐེངས་གསུམ་པའི་གཞི་རྩའི་རྩ་དོན་ནི་རང་མོས་ཀྱི་རྨང་གཞིའི་ཐོག་སྤྱི་ཚོགས་ཀྱི་སྟོབས་ཤུགས་བསྡུ་རུབ་བྱེད་པ་ཡིན་ལ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནི་བགོ་བཤའ་ཐེངས་གསུམ་པ་རྒྱག་པའི་སྟོབས་ཤུགས་གཙོ་བོ་ཡིན། བགོ་བཤའ་ཐེངས་གསུམ་པ་རྒྱག་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་འདོད་མོས་ཡོད་ལ་འཇོན་ཐང་ཡང་ལྡན་པའི་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་སྤྱི་ཕན་སྙིང་རྗེའི་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དེ། ཡོང་འབབ་བགོ་བཤའ་ཇེ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པས།  དར་སྤེལ་བྱེད་འོས་བ་ཞིག་ཡིན་མོད།   འོན་ཀྱང་ཀུན་སྤྱོད་ལ་ཁ་གཡར་ནས“བཙན་ཤེད་ཀྱིས་ཞལ་འདེབས་འབུལ་དུ་འཇུག་པ”གཏན་ནས་བྱེད་མི་རུང་།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།