སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ངལ་རྩོལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ངལ་རྩོལ་གྱི་འབྲེལ་བ་གྲོས་མོལ་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་བསྟན་ཡོད། དེ་ནི་སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། རང་བདག་ལས་སྐྲུན་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ལས་ཞུགས་ལས་སྐྲུན་ཞབས་ཞུའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
དང་པོ། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པས་ལས་ཞུགས་ཐབས་ལམ་གསར་པ་རྒྱ་སྐྱེད་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། སྟབས་བསྟུན་ལས་ཞུགས་ལ་གཙོ་བོ་སྒེར་གཉེར་ཚོང་ལས་དང་ཉིན་ཧྲིལ་པོའི་ལམ་ལུགས་མ་ཡིན་པ། ལས་ཞུགས་རྣམ་པ་གསར་པ་སོགས་ལས་ཞུགས་བྱེད་སྟངས་རིགས་གསུམ་ཚུད་ཡོད། སྒེར་གཉེར་ཚོང་ལས་ཁྱབ་ཁོངས་སུ་གཙོ་བོར་ལས་གཉེར་མི་སྣ་གཉིས་དང་དེ་མན་གྱི་ཐོ་འགོད་བྱས་པའི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་། ཐོ་འགོད་བྱས་མེད་པའི་སྒེར་གཉེར་ཁྱིམ་ཚང་ཚུད་ཡོད། ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ལས་ཞུགས་མི་སྣ་ཞེས་པ་ནི་གཙོ་བོ་རྒན་གསོ་དང་། བུ་བཅོལ། ཁྱིམ་ཚང་དགེ་རྒན། གཙང་སྦྲ། དབོར་འདྲེན། མཛེས་བཟོ་ཉམས་གསོ་སོགས་ཁྱིམ་ལས་ཞབས་ཞུ་དང་སིལ་གླ་བྱེད་པ་བཅས་ཚུད་ཡོད། ལས་ཞུགས་ཀྱི་རྣམ་པ་གསར་པའི་ལས་ཞུགས་མི་སྣ་གཙོ་བོ་ནི་འགྲིམ་འགྲུལ་འགྲུལ་བཞུད་དང་། ཕྱིར་ཚོང་སྡེབ་སྐྱེལ། དྲ་རྒྱའི་སིལ་ཚོང་། ཐད་གཏོང་བྲིན་ཚོང་། དྲ་སྦྲེལ་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་ལས་སྟེགས་ལས་ཞུགས་མི་སྣ་ཡིན་པ་རེད། ལས་ཞུགས་རྣམ་པ་གསར་པའི་ལས་ཞུགས་ཀྱི་མི་སྣའི་གྲས་སུ། གཅིག་ནི་མཉམ་སྦྲེལ་དྲ་བའི་སྟེགས་བུ་དེ་ཚོང་གཉེར་གཞི་རྟེན་དུ་བྱེད་པའམ་ཡང་ན་ཆ་འཕྲིན་འདོན་སྤྲོད་བྱེད་མཁན་ལས་ཞུགས་ཐུབ་པར་བྱེད་པའི་ངལ་རྩོལ་པ་ཡིན་ཞིང་། དེ་དང་སྟེགས་བུའི་ཁེ་ལས་དབར་གྱི་དབང་ཆ་དང་འོས་འགན་གྱི་འབྲེལ་བར་དམངས་དོན་བཅའ་ཁྲིམས་སྤྱད་ནས་ལེགས་སྒྲིག་བྱ་རྒྱུ་དང་། གཉིས་ནས་སྟེགས་བུ་ལ་བརྟེན་ནས་ལས་ཞུགས་བྱས་ཏེ་ལས་སྟེགས་ཁེ་ལས་དབར་ངལ་རྩོལ་གན་རྒྱ་འཇོག་པའམ་ཡང་ན་ངལ་རྩོལ་འབྲེལ་བ་བཙུགས་པའི་གནས་ཚུལ་དང་འཚམ་པའི་ངལ་རྩོལ་པ། གསུམ་ནས་སྟེགས་བུ་ལ་བརྟེན་ནས་ལས་ཞུགས་བྱས་ཏེ་བྱ་བར་རང་བདག་གི་རང་བཞིན་ཆེ་ཙམ་ལྡན་པ་དང་། ངལ་རྩོལ་བརྒྱུད་རིམ་ལ་སྟེགས་བུའི་ཁེ་ལས་ཀྱི་དོ་དམ་ཐོབ་པས་ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱེད་པའི་གནས་ཚུལ་དང་རྦད་དེ་འཚམ་གྱིན་མེད། མིག་སྔར། རང་རྒྱལ་གྱི་སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། འཕེལ་རྒྱས་འགྲོ་བཞིན་པ། རིགས་སྣ་ཕུན་སུམ་ཚོགས་པོ་ཡོད་པ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་སོ་སོ་དང་། མཐོ་བ་དང་འབྲིང་རིམ། དམའ་བ་བཅས་ཀྱི་རིམ་པ་ཁག་ཏུ་ཁྱབ་ཅིང་། ལས་གཉེར་མི་སྣའི་གྲངས་ཀ་མགྱོགས་མྱུར་སྒོས་འཕར་བ་དང་། གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་ཆེ་རུ་འགྲོ་བཞིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་གཞི་གྲངས་ལྟར་ན། 2021ལོའི་ལོ་མཇུག་ཏུ། རང་རྒྱལ་གྱི་སྟབས་བསྟུན་ལས་ཞུགས་མི་སྣ་དུང་ཕྱུར་གཉིས་ཙམ་ཟིན་ཡོད། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པས་དཔལ་འབྱོར་བརྟན་པོ་དང་། ལས་ཞུགས་འགན་སྲུང་། ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ཀྱི་གནོན་ཤུགས་ནུས་ལྡན་སྒོས་ཇེ་ཆུང་དུ་བཏང་ཡོད། ལྷག་པར་དུ2020ལོ་ཚུན་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱི་རྡུང་རྡེག་ཚབས་ཆེན་དང་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བའི་ཛ་དྲག་གི་དུས་བབ་ལ་དམིགས་ཏེ། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པ་གཏོད་པའི“ཆུ་གསོག་མཛོད”ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། གཞི་ཁྱོན་ལྡན་པའི་ལས་ཤོར་ཉེན་ཁ་སྔོན་འགོག་དང་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
གཉིས་པ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ངལ་རྩོལ་བཅའ་ཁྲིམས་དང་། ངལ་རྩོལ་གན་རྒྱའི་བཅའ་ཁྲིམས། སྤྱི་ཚོགས་འགན་སྲུང་ལམ་ལུགས་བཅས་ཀྱིས་གཙོ་བོ་སྲོལ་རྒྱུན་གྱི་ལས་ཞུགས་བྱེད་སྟངས་ལ་དམིགས་ནས་ཇུས་འགོད་བྱེད་ཀྱིན་ཡོད་པས། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་དང་འཚམ་ཐུབ་ཀྱིན་མེད། དེས་སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་བཅའ་ཁྲིམས་ཐོབ་ཐང་དང་། སྟེགས་བུ་འདྲ་མཉམ་གྱི་ཁེ་ལས་དང་སྤྱོད་མཁན། ཕྱོགས་གསུམ་པས་ཕྱི་ཕྱོགས་ལ་འགན་གཙང་ལེན་བྱེད་པའི་ཁེ་ལས་བཅས་ཀྱི་བཅའ་ཁྲིམས་འབྲེལ་བ། དེ་མིན་ཁེ་དབང་དང་འོས་འགན་སོགས་ཚང་མར་དབྱེ་མཚམས་གསལ་པོ་དང་ཚད་ལྡན་མེད་པ་རེད། རང་རྒྱལ་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལས་ཤོར་ཉེན་ཚབ་དང་ལས་རྨས་ཉེན་ཚབ་གཉིས་ཀ“ལས་ཁུངས་དང་འབྲེལ་བ་ཡོད་པའི་རིགས་”སུ་གཏོགས་ཤིང་། ངལ་རྩོལ་གན་རྒྱ་མ་བཞག་པའི་སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་འགན་སྲུང་ནང་ཞུགས་ཐབས་མེད། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་སྲུང་གིས་དེར་བབ་མཚུངས་ཀྱི་ཐབས་ལམ་བཙུགས་ཡོད་མོད། འོན་ཀྱང་མཁར་གྲོང་གི་ལས་བཟོའི་ཉེན་ཚབ་གདམ་ག་བྱས་ཚེ་ཁྱིམ་ཐོའི་ཚོད་འཛིན་ཕོག་པ་མ་ཟད། མི་སྒེར་གྱིས་དེ་བས་མཐོ་བའི་འགྲོ་གྲོན་གཏོང་གིན་ཡོད། གལ་ཏེ་མཁར་གྲོང་སྡོད་དམངས་ཀྱི་ཉེན་ཚབ་གདམ་ག་བྱེད་སྐབས་ཁྱིམ་ཐོ་གནས་ཡུལ་དུ་ལོག་དགོས་པ་མ་ཟད་འགན་སྲུང་གི་ཆུ་ཚད་དམའ་མོ་ཡིན། མི་བཀོལ་ལས་ཁུངས་ཁ་ཤས་ཀྱིས་མ་རྩ་ཇེ་དམའ་རུ་གཏོང་བ་དང་ལས་མི་བཀོལ་མཁན་གཙོ་བོའི་འགན་འཁྲི་ལས་གཡོལ་ཆེད། སྤྱི་ཚོགས་ཅན་གྱི་ལས་མི་བཀོལ་སྟངས་སྤྱོད་པའམ་ཡང་ན་ངལ་རྩོལ་ལས་མི་བཀོལ་མཁན་དེ་ཕྱོགས་གསུམ་པའི་ཁེ་ལས་ལ་འགན་གཙང་ལེན་བྱེད་དུ་འཇུག་པ། ཡང་ན་མནའ་ཞུགས་སོགས་ཀྱི་བྱེད་སྟངས་ཐོག་ནས་དམངས་དོན་འབྲེལ་བའི་ཚབ་བྱེད་པ། ཡང་ན་ངལ་རྩོལ་པར་ངན་སྐུལ་བྱས་ནས་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དུ་ཐོ་འགོད་བྱེད་དུ་བཅུག་པས། དོ་དམ་གོ་རིམ་མེད་པ་དང་འགན་སྲུང་གི་ལས་གནས་སྟོང་པར་ལུས་པ་རེད། རྒྱལ་ཡོངས་ཀྱི་ལས་བཟོའི་དཔུང་ཁག་གི་གནས་ཚུལ་བརྟག་དཔྱད་སྙན་ཞུ་ཐེངས་བརྒྱད་པའི་ཐོག་ནས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་ལས་ཞུགས་རྣམ་པ་གསར་པའི་མི་སྣ43%གྱིས་ལས་སྟེགས་ཁེ་ལས་སམ་ཡང་ན་ཕྱོགས་གསུམ་པས་འགན་གཙང་ལེན་བྱེད་པའི་ཀུང་སི་དང་ངལ་རྩོལ་གན་རྒྱ་བཞག་པ་དང་། མི29%ཡིས་ངལ་ལས་གྲོས་མཐུན་བཞག་པ་དང་དེ་ལས་གཞན་པའི28%ཀྱིས་རྣམ་པ་གང་རུང་གི་གན་རྒྱའམ་གྲོས་མཐུན་གང་ཡང་བཞག་མེད་པ་རེད།
གསུམ་པ། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་བྱེད་དགོས། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་པའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། ལམ་ལུགས་མ་ལག་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུ་དམ་འཛིན་དང་། རྒྱབ་སྐྱོར་དང་སྲུང་སྐྱོབ་ཀྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་དགེ་མཚན་ལྡན་པའི་ལས་ཞུགས་ལ་སྐུལ་སྤེལ་སྔར་ལས་ལེགས་པོ་བྱ་དགོས། འབྲེལ་ཡོད་ཁེ་ལས་ཀྱིས་ཞི་བདེའི་ངང་སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་བརྩི་འཇོག་གང་ལེགས་བྱེད་པར་ཁྲིད་སྟོན་དང་། ལས་རིགས་ཀྱི་སྤྱི་ཆིངས་དང་ལས་རིགས་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ། ཁེ་ལས་ཀྱིས་རང་གཅུན་དང་ཁྲིམས་མཐུན་ལྟར་ལས་མི་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། རང་གིས་འཁུར་དགོས་པའི་ལས་མི་བཀོལ་སྤྱོད་དང་ཁེ་དབང་འགན་སྲུང་གི་འགན་འཁྲི་རང་རྟོགས་ཀྱིས་ལག་བསྟར་བཅས་བྱ་དགོས། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་བྱེད་སྟངས་ལ་ལྟ་སྐུལ་དང་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་བཞིན་དུ་ལྟ་སྐུལ་དོ་དམ་ལས་གཡོལ་བ་དང་འགན་འཁྲི་ལས་གཡོལ་བའི་བྱ་སྤྱོད་ལ་ལྟ་སྐུལ་དང་དག་ཐེར་ཡོ་བསྲང་བྱེད་དུ་འཇུག་དགོས། སྔར་ལས་ལྷག་པའི་སྒོ་ནས་སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པའི་མི་སྣ་ལས་ཞུགས་བྱ་ཡུལ་དུ་ཁེ་ལས་ཀྱི་ལས་བཟོ་པའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ཁྱིམ་ཐོའི་ཚད་བཀག་ཇེ་ལྷོད་དུ་གཏོང་བ་དང་། རང་འགུལ་ངང་དངུལ་སྤྲོད་སྟངས་དང་དངུལ་སྤྲོད་གཞི་གྲངས་གདམ་གསེས་བྱེད་པར་རྒྱབ་སྐྱོར་བྱས་ནས། འགན་སྲུང་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་བྱེད་དགོས། དཀའ་ངལ་ཡོད་པའི་མི་སྣ་ལས་ཞུགས་དང་སྤྱི་ཚོགས་ཉེན་ཚབ་ཀྱི་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དཀའ་ངལ་ཡོད་པའི་མི་སྣའི་གྲོན་དངུལ་འཇལ་བའི་གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས། ལས་རིགས་ཀྱི་གནོད་འཚེ་འགན་སྲུང་ཚོད་ལྟ་ཧུར་ཐག་བྱས་ནས་འགན་སྲུང་ནང་ཞུགས་པའི་ཐོ་འགོད་དང་། ལས་རིགས་ཀྱི་གནོད་འཚེ་གཏན་འཁེལ། ཐོབ་ཐང་སྤྲོད་པ། ཆ་འཕྲིན་དོ་དམ་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།