ཞི་ཅིན་ཕིང་གིས་ཧི་པེ་ཞིང་ཆེན་ཞུང་ཨན་ཁུལ་གསར་དུ་གཟིགས་ཞིབ་གནང་།
2023.05.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཉེ་ལམ།    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་པེ་ཞིང་ཆེན་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས།  ཚད་གཞི་མཐོ་ཞིང་སྤུས་ཚད་མཐོན་པོའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་དེ་གཞི་ཁྱོན་ཆེན་མོའི་འཛུགས་སྐྲུན་དང་པེ་ཅིན་གྱི་རྒྱལ་སའི་བྱེད་ནུས་མ་ཡིན་པའི་ཁ་འགྲེམ་དང་སྦྲེལ་བའི་དུས་རིམ་གལ་ཆེན་གཉིས་སུ་སླེབས་ཡོད་པས། བྱ་བའི་སྲོག་ཤིང་དེ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ཆུ་ཚད་མཐོན་པོའི་དོ་དམ། སྤུས་ཚད་མཐོ་བའི་ཁ་འགྲེམ་བཅས་ཀྱི་འཕེལ་རྒྱས་མཉམ་སྤེལ་ཕྱོགས་སུ་གྱུར་ཡོད། ཡིད་ཆེས་བརྟན་པོ་དང་ངེས་ཤུགས་སྲུང་འཛིན། ཏན་ཏན་ཏིག་ཏིག ལེགས་སྒྲུབ་ལེགས་འགྲུབ་བཅས་ཀྱིས་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བྱེད་པའི་ཐད་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ལེན་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞའེ་ཞང་བཅས་ཀྱིས་རྟོག་ཞིབ་ཏུ་ཕེབས་རོགས་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་ཧི་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཉིས་ཡའེ་ཧྥུན་དང་ཧྲིན་ཀྲང་ཝང་ཀྲིན་ཕུའུ་གཉིས་ཀྱི་འགྲོ་རོགས་འོག ཞུང་ཨན་ཁུལ་གསར་གྱི་མགྱོགས་བགྲོད་མེ་འཁོར་ས་ཚིགས་དང་སྡེ་ཁུལ། འཛུགས་སྐྲུན་ལས་ཡུལ་སོགས་སུ་ཕེབས་ཏེ་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོན་པོའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པར་རྟོག་ཞིབ་གནང་།

ཞི་ཅིན་ཕིང་མྱུར་བགྲོད་ལྕགས་ལམ་ལ་བཞུགས་ཏེ་ཞུང་ཨན་ཁུལ་གསར་དུ་ཕེབས་པ་དང་། ཐོན་མ་ཐག་ཞུང་ཨན་འབབ་ཚུགས་ཀྱི་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་མཛད། ཞུང་ཨན་འབབ་ཚུགས་ནི་ཞུང་ཨན་ཁུལ་གསར་དུ་སྐྲུན་མགོ་ཚུགས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་དང་པོ་དེ་ཡིན་པས་མཚོན་རྟགས་རང་བཞིན་གྱི་དོན་སྙིང་ལྡན། ཞི་ཅིན་ཕིང་གིས་སྔ་རྗེས་སུ་འབབ་ཚུགས་དང་རླངས་འཁོར་ལ་སྒུག་སའི་ཚོམས་ཆེན། འབབ་ཚུགས་ཕྱི་རོལ་གྱི་ཐང་ཆེན་བཅས་ལ་གཟིགས་ཞིབ་གནང་ནས་ཞུང་ཨན་འབབ་ཚུགས་འཛུགས་སྐྲུན་གཉེར་སྐྱོང་དང་གནས་སའི་ཙན་ཀང་ཡུག་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་མཛད།  ཞི་ཅིན་ཕིང་གིས་བསྟན་དོན། ཞུང་ཨན་འབབ་ཚུགས་ནི་ཞུང་ཨན་ཁུལ་གསར་གྱི་འབྲེལ་མཚམས་འབབ་ཚུགས་ཤིག་ཡིན་པས་ཞུང་ཨན་འབབ་ཚུགས་དང་ཞུང་ཨན་ཁུལ་གསར་གྱི་འགྲིམ་འགྲུལ་རྒྱུ་ལམ་གཙོ་བོ་སྔར་ལས་འཐུས་ཚང་དུ་བཏང་ནས། མིའི་འཁོར་རྒྱུག་དང་ཟོག་འགྲེམས་གཅིག་སྡུད་དང་ཁ་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས། ཙན་ཀང་ཡུག་ཁུལ་དེ་མཐོ་རིམ་ཐོན་ལས་གསར་པའི་གཅིག་སྡུད་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱས་ནས། ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ཞུང་ཨན་དུ་ཐོན་མ་ཐག་ཞུང་ཨན་ཁུལ་གསར་གྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་ཞིག་མྱོང་རོལ་བྱེད་ཐུབ་པ་བྱེད་དགོས་ཞེས་གསུངས།

དེའི་རྗེས་སུ་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་རུང་ཏུང་ཡུག་ཁུལ་ནན་ཝུན་ཡུན་སྡེ་ཁུལ་དུ་ཕེབས།  སྡེ་ཁུལ་དེར་ཨན་ཞིན་དང་རུང་ཁྲིན་རྫོང་གཉིས་ཀྱི་མང་ཚོགས་5000ལྷག་ཙམ་བཀོད་སྒྲིག་བྱས་ཡོད། ཞི་ཅིན་ཕིང་སྔ་རྗེས་སུ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་སྡེ་ཁུལ་གྱི་ཟ་ཁང་དུ་ཕེབས་ནས། སྡེ་ཁུལ་གྱི་བྱ་བའི་མི་སྣ་དང་ས་གནས་ཀྱི་བྱ་བ་སྒྲུབ་མཁན་མང་ཚོགས། ཟ་མ་ཟ་མཁན་སྡེ་ཁུལ་གྱི་རྒན་རྒོན་སོགས་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པ་དང་། དམངས་ཀྱི་གནས་ཚུལ་དང་རྩིས་ཁྲར་ཞིབ་ཚགས་ངང་གཟིགས་ནས་སྡེ་ཁུལ་དུ་སྤེལ་བའི་དམངས་ཕན་རྒན་གསོའི་ཞབས་ཞུ་སོགས་ལ་ཁས་ལེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་རྒྱུན་དུ་གནས་སྤར་མང་ཚོགས་ལ་སེམས་ཁྲལ་བྱེད་བཞིན་ཡོད།  ཚང་མའི་འཚོ་བ་ཡག་པོ་ཡོད་པ་མཐོང་བས་ང་ཧ་ཅང་དགའ་པོ་བྱུང་། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ཡག་པོ་བྱེད་པར་གཙོ་བོ་བདེ་སྡོད་དང་ལས་བརྩོན་སྦྲེལ་མཐུད་ཡག་པོ་བྱས་ནས་མང་ཚོགས་རྣམས་བདེ་སྡོད་དང་བདེ་འཇགས་ཡོང་བ་བྱེད་དགོས།  གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་བཏང་སྟེ།  འབད་བརྩོན་ཆེན་པོས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་དུས་རབས་གསར་པར་འཚམ་པའི་མི་དམངས་ཀྱི་གྲོང་ཁྱེར་ཞིག་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གནས་སྤོར་སྡོད་དམངས་ལིས་ཅིན་ཧི་ཡི་ཁྱིམ་དུ་ཕེབས་པ་དང་།  ལིས་ཅིན་ཧི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ལ་2021ལོའི་ཟླ་11པར་སྡོད་ཁང་གསར་པའི་ནང་དུ་སྤར་བ་དང་།  ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པས་ཧ་ཅང་སྐྱིད། དེར་མ་ཟད་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྐྱིད་ནས་ཇེ་སྐྱིད་རེད་ཅེས་བཤད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།    ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་ཚང་མས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ཏེ།  གཞོགས་འདེགས་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས།  ཁོང་གིས་ན་གཞོན་མི་རབས་ལ་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ཁྲོད་ཡིད་ཆེས་བརྟན་པོ་དང་། འཇོན་ཐང་ཡག་པོ་སྦྱོང་བ། ཕ་ཡུལ་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་བྱེད་དགོས་པའི་སྐུལ་ལྕག་གནང་།

ཞལ་གྱེས་ཁར་སྡོད་དམངས་རྣམས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”ཞེས་སྐད་གསང་མཐོན་པོས་དགའ་འབོད་བྱས་པ་དང་། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་མཛད་ནས་གུས་ལན་ཞུས་པ་རེད། ཁོང་གིས་བརྩེ་བ་ཟབ་མོའི་སྒོ་ནས་ཚང་མར་ཧི་པེ་ནི་ངས་བྱ་བ་བསྒྲུབས་མྱོང་སའི་ས་ཆ་ཞིག་ཡིན།  ང་ལ་མཚོན་ན་གནས་འདིར་བརྩེ་བ་ཟབ་མོས་ཁེངས་ཡོད། ས་ཆ་འདི་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ནི་ངའི་རེ་འདུན་ཡིན། ཞུང་ཨན་ཁུལ་གསར་བསྐྲུན་རྒྱུ་ནི་ལོ་ངོ་སྟོང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པས། སེམས་ལྷོད་གཡེང་དང་འཚབ་འཚུབ་བྱེད་མི་རུང་ལ་སྒུག་རྟེན་ཡང་བྱེད་མི་རུང་བར་ཏན་ཏིག་ངང་འབད་བརྩོན་བྱས་ནས་སྙིང་རུས་གཏན་འཁྱོངས་བྱེད་དགོས་ཞེས་གསུངས།

ཞུང་ཨན་གྲོང་ཁྱེར་ལྟེ་བའི་ས་ཚིགས་དེ་ཞུང་ཨན་ཁུལ་གསར་གྱི་མགོ་འཛུགས་ཁུལ་གྱི་ལྟེ་བར་གནས་ཤིང་། ཞི་ཅིན་ཕིང་ཞུང་ཨན་གྲོང་ཁྱེར་གྱི་ས་ཚིགས་དང་དེ་མིན་རྒྱལ་ཁབ་ཚོང་དོན་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ཏེ། བྱེ་གཞོང་དང་ལས་སྟེགས་སུ་གཟིགས་ཤིང་འཛུགས་སྐྲུན་ལས་ཡུལ་ལ་རྒྱང་གཟིགས་གནང་ནས། ལག་བསྟར་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་གལ་ཆེན་དང་གཙོ་གནད་གསེད་བཀྲོལ་གྱི་ལས་གཞི་འཆར་འགོད་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་མཛད།  ཞི་ཅིན་ཕིང་གིས་བསྟན་དོན།  འགྲིམ་འགྲུལ་ནི་དེང་རབས་གྲོང་ཁྱེར་གྱི་ཁྲག་རྒྱུན་ལྟ་བུ་རེད། ཁྲག་རྒྱུན་བདེ་བླག་བྱུང་ན་གྲོང་ཁྱེར་གཞི་ནས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ། ཕྱོགས་བསྡུས་ཅན་གྱི་ འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ་དང་། ས་འོག་བར་སྟོང་བེད་སྤྱོད་གང་ལེགས་བྱེད་པར་ཤུགས་རྒྱག་པ། བདེ་ཐང་ཡིན་པའི་མ་འོངས་པའི་གྲོང་ཁྱེར་ཞིག་བསྐྲུན་པར་ཤུགས་རྒྱག་པ། ཚད་གཞི་མཐོ་བའི་གྲོང་ཁྱེར་གྱི་འཆར་འགོད་འཆར་གཞི་དེ་སྤུས་ཚད་མཐོ་བའི་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་དོན་དངོས་ཀྱི་རི་མོ་ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་གསུངས།

ཕྱི་དྲོར། ཞི་ཅིན་ཕིང་ཞུང་ཨན་འགྲེམས་ཚོགས་ལྟེ་གནས་ཀྱི་ཞུང་ཨན་ཚོམས་ཆེན་དུ་ཕེབས་ནས་བྱེ་གཞོང་དང་བརྙན་ཐུང་ཟུང་འབྲེལ་གྱིས་ཞུང་ཨན་ཁུལ་གསར་གྱི་སྤྱིའི་འཆར་འགོད་འཛུགས་སྐྲུན་འཕེལ་རིམ་གྱི་ངོ་སྤྲོད་གནས་ཚུལ་ལ་གསན་པ་དང་། པའེ་དབྱང་ཏེན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོབ།  པའེ་ཏེན་འབྲེལ་མཐུད་སོགས་ཀྱི་བྱ་བའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པའེ་དབྱང་ཏེན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོབ་ཐད་བྱས་རྗེས་དེང་འདིར་བཞག་ན་ཕན་འབྲས་བསྐལ་བརྒྱར་ཐོན་པས་ངེས་པར་དུ་སྤྱི་འདོམས་ཇུས་འགོད་དང་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འགྲེམ་སྟོན་ལྟེ་གནས་ཀྱི་ཐོག་བརྩེགས་གསུམ་པའི་སྣ་འཛོམས་ཚོམས་ཆེན་དུ་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོན་པོའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་ཧི་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཉིས་ཡའེ་ཧྥུན། ཞུང་ཨན་ཁུལ་གསར་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་གོ་ཧྭ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཀྲུང་གོ་འཁོར་སྐར་དྲ་སྦྲེལ་ཚོགས་སྒྲིལ་ཚད་ཡོད་ཀུང་སི་དང་ཀྲུང་གོ་འཛུགས་སྐྲུན་ཚོགས་སྒྲིལ་ཚད་ཡོད་ཀུང་སིའི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གི་གཏམ་བཤད་ཕུལ།

ཚང་མའི་གཏམ་བཤད་ལ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་། པེ་ཅིན་དང་ཐན་ཅིན་སོགས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག ཧི་པེ་ཞིང་ཆེན་གྱིས་འགན་འཁྲི་གཙོ་བོ་ཧུར་བརྩོན་གྱིས་ལག་བསྟར་བྱས་པ་དང་། ཞུང་ཨན་ཁུལ་གསར་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་དང་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁོངས་གཏོགས་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ་བྱ་བ་སྣ་ཚོགས་ལ་ཏན་ཏིག་གིས་སྐུལ་འདེད་བྱས་པས། ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་སྟེང་གི་བཀོད་པ་ཕལ་ཆེར་ཡོངས་འགྲུབ་བྱས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འཕེལ་རིམ་གལ་ཆེན་བླངས་པ། པེ་ཅིན་གྱི་རྒྱལ་སའི་བྱེད་ནུས་མ་ཡིན་པའི་ཁ་འགྲེམ་ལ་ཕན་འབྲས་རགས་ཙམ་ཐོན་པ། པའེ་དབྱང་ཏེན་གྱི་སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་བླངས་པ། བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་ལ་འཕེལ་རིམ་ཆེན་པོ་བླངས་པ། ཐོན་ལས་དང་གསར་སྐྲུན་གྱི་རྒྱུ་རྐྱེན་འཛོམས་པའི་ཆ་རྐྱེན་རིམ་བཞིན་འཐུས་ཚང་དུ་གྱུར་པ། སྤོ་སྣུར་བཀོད་སྒྲིག་གི་བྱ་བར་གོ་རིམ་ལྡན་པར་སྐུལ་འདེད་བཏང་བ་བཅས་བྱས་ཡོད། ཏག་ཏག་ལོ་ངོ6གི་ནང་དུ། ཞུང་ཨན་ཁུལ་གསར་མེད་པ་ནས་ཡོད་པ་དང་། འཆར་འགོད་རི་མོ་ནས་ངོ་མ་ཡོད་པར་གྱུར་པ། ཆུ་ཚད་མཐོ་བའི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཀྲོང་ངེར་འགྱིང་བཞིན་ཡོད་པ་དེ་ནི་ངོ་མཚར་བ་ཞིག་རེད། གྲུབ་འབྲས་འདི་དག་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་། ལོ3གྱི་པྲོག་གསར་རིམས་ནད་ཀྱི་གནས་བབ་ཛ་དྲག་གི་ཁྲོད་དུ་བླངས་པ་ཡིན་པས་ལས་སླ་མོ་ཞིག་གཏན་ནས་མ་རེད། ཏང་ཀྲུང་དབྱང་གིས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཇུས་ཆོད་བཏོན་པ་དེ་ནི་ཡོངས་སུ་ཡང་དག་ཡིན་པ་དང་། ཕྱོགས་སོ་སོའི་བྱ་བ་ནི་ཏན་ཏིག་དང་ཕན་འབྲས་ལྡན་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱིས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་ཆེན་མོའི་དངོས་ཡོད་དོན་སྙིང་དང་ཡུན་རིང་གི་ལོ་རྒྱུས་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཏང་ཀྲུང་དབྱང་གི་ཞུང་ཨན་ཁུལ་གསར་གྱི་བྱེད་ནུས་གནས་མཚམས་དང་ལས་འགན། རྩ་དོན་བླང་བྱ་བཅས་ཁོང་དུ་བརྟན་པོར་ཆུད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ། ལོ་རྒྱུས་ཀྱི་བཟོད་བསྲན་སྲུང་འཛིན་བྱེད་པ་བཅས་ཀྱིས། ཉེ་ལམ་གྱི་དམིགས་འབེན་དང་ཡུན་རིང་འབྲིང་གི་དམིགས་འབེན། གྲོང་ཁྱེར་འཛུགས་སྐྲུན་མགྱོགས་ཚད་དང་མི་འབོར་འདུས་སྡོད་ཀྱི་གཞི་ཁྱོན། ཐོན་ལས་སྤོ་བསྒྱུར་དང་ཐོན་ལས་རིམ་སྤར། སྲིད་གཞུང་དང་ཚོང་ར། པེ་ཅིན་གྱི་རྒྱལ་སའི་བྱེད་ནུས་མ་ཡིན་པའི་ཁ་འགྲེམ་ལ་སྦྲེལ་བ་དང་གྲོང་ཁྱེར་རང་སྟེང་གི་འཕེལ་རྒྱས། གྲོང་ཁྱེར་འཛུགས་སྐྲུན་དང་མཐའ་འཁོར་གྱི་གྲོང་གསེབ་དར་སྤེལ་སོགས་ཀྱི་འབྲེལ་བ་ཆེན་མོ་ཐག་གཅོད་ལེགས་པོ་བྱས་ནས་ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཡང་དག་གི་ཁ་ཕྱོགས་གཏན་འཁེལ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། པེ་ཅིན་གྱི་རྒྱལ་སའི་བྱེད་ནུས་མ་ཡིན་པའི་ཁ་འགྲེམ་གྱི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པ་དང་། དེར་མཐུད་ནས་སྐོར་གཉིས་པར་ཁ་འགྲེམ་བྱེད་མགོ་བརྩམས་པའི་པེ་ཅིན་གྱི་ཀྲུང་དབྱང་ཁེ་ལས་སྤྱི་ཁྱབ་དང་། རིམ་པ་གཉིས་པ་དང་གསུམ་པའི་ཡན་ལག་ཀུང་སི། གསར་སྐྲུན་ལས་སྒོ་ཁག་སོགས་ལ་འཆར་གཞི་བཀོད་ནས། དངུལ་རྩ་སྡེ་ཁག་དང་ཚན་ཞིབ་གླིང་དང་ཚན་ཞིབ་ཁང་། ལས་དོན་ལས་ཁུངས་བཅས་ཀྱི་ཁ་འགྲེམ་སྤོ་བསྒྱུར་ལ་ནུས་ཤུགས་ཡོད་རྒུས་འཆར་གཞི་འགོད་དགོས།  ཁ་འགྲེམ་ལ་སྐུལ་སློང་དང་རང་གཅུན་བྱེད་པའི་སྲིད་ཇུས་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས། འབྲེལ་ཡོད་ཀྱི་ཁ་འགྲེམ་མི་སྣའི་བུ་ཕྲུག་གི་སློབ་གསོ་དང་སྨན་བཅོས། སྡོད་ཁང་། གླ་ཕོགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་། སྤྱི་བསགས་མ་དངུལ་སོགས་ཀྱི་སྲིད་ཇུས་ཐད་ལ་རྒན་པར་བྱེད་ཐབས་རྙིང་པ་དང་དར་མར་བྱེད་ཐབས་གསར་པ་བཀོལ་བའི་རྩ་དོན་དང་བླང་བྱ་ལྟར། སྲིད་ཇུས་དང་བྱེད་ཐབས་སྔར་བས་ཞིབ་མོ་དང་དོན་འཁྱོལ་བྱས་ཏེ། ཁ་འགྲེམ་ལས་ཁུངས་དང་མི་སྣར་དོན་ངོ་མས་ཁེ་ཕན་ཐོབ་ཏུ་འཇུག་དགོས། ཚོང་ཁྲོམ་སྒྲིག་སྲོལ་དང་སྲིད་གཞུང་སྣེ་ཁྲིད་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལས་གཞི་དང་སྲིད་ཇུས་གཉིས་ཀ་འཛིན་པ་དང་། ཚོང་ཁྲོམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་བརྒྱུད་ནས། རྒྱལ་སའི་བྱེད་ནུས་མ་ཡིན་པའི་ཕྱི་རོལ་དུ་ཁ་འགྲེམ་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གསར་སྐྲུན་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་སྒོ་འབྱེད་མདུན་གྲལ་གྱི་སྲིད་ཇུས་དང་བྱེད་ཐབས། སྔོན་མཐོང་རང་བཞིན་ལྡན་པའི་གསར་སྐྲུན་ཚོད་ལྟ་གནས་ཀྱི་དཔེ་སྟོན་ལས་གཞི་ཞུང་ཨན་དུ་ལག་བསྟར་ཡོང་བར་སྐུལ་འདེད་གཏོང་བ།  བྱེད་ནུས་གསར་པ་འཛུགས་སྐྲུན་དང་སྣང་བརྙན་གསར་པ་ཆགས་པ། ཐོན་ལས་གསར་པ་འཕེལ་རྒྱས། འཇོན་མི་གསར་པ་འཛོམས་པ། ནང་རྐྱེན་གསར་པ་འཛུགས་པ་བཅས་བྱས་ཏེ། ཞུང་ཨན་ཁུལ་གསར་དེ་དུས་རབས་གསར་པའི་གསར་སྐྲུན་མཐོ་ས་དང་ལས་སྐྲུན་བྱེད་ཡུལ་བཟང་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། ཚོང་ཁྲོམ་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་གྱི་རྩེ་གྲས་ཚོང་གཉེར་གྱི་ཁོར་ཡུག་བསྐྲུན་དགོས་ན། དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ཞིབ་འཇུག་བྱས་ཏེ་བཏོན་ནས། རྒྱལ་ཁབ་ཕྱི་ནང་གི་སྟོབས་ཤུགས་དང་མ་རྩ་ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་དུ་ཞུགས་པར་རྒྱ་ཆེར་ངང་བཀུག་སྟེ།  མི་སེམས་ཀྱིས་སྨོན་ཞིང་རྒྱུ་རྐྱེན་འཛོམས་པ། མཉམ་སྟོབས་མཉམ་འཛུགས་བྱེད་པ། ཐུན་མོང་འཕེལ་རྒྱས་ཡོང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་སྣང་ཚུལ་ཆགས་སུ་འཇུག་དགོས། སྔོན་ཐོན་ཚན་རིག་ལག་རྩལ་རྒྱ་ཆེར་བཀོལ་ནས་ནུས་ཤུགས་ཡོད་རྒུས་ཚན་རྩལ་གསར་སྐྲུན་གྱི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཚན་རྩལ་གྲུབ་འབྲས་ཀྱི་སྤོ་བསྒྱུར་ཤུགས་ཚད་ཇེ་ཆེར་གཏོང་བ། ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་ཧུར་བརྩོན་གྱིས་འཕེལ་རྒྱས་གཏོང་བ། འཕར་གནས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་གསར་པ་ཆགས་སུ་འཇུག་པ་བཅས་ཀྱིས།  རིག་ནུས་དང་ལྗང་མདོག གསར་སྐྲུན་བཅས་ཞུང་ཨན་ཁུལ་གསར་གྱི་མཚར་སྡུག་བྱང་བུ་ཞིག་ཏུ་བསྐྲུན་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་། ལྗང་མདོག་ཅན་དང་ཐཱན་ཉུང་ཅན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཞུང་ཨན་ཁུལ་གསར་དེ་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཞུང་ཨན་ཁུལ་གསར་གྱི་མགོ་ཁྲིད་ལམ་ལུགས་དང་དོ་དམ་ནང་རྐྱེན་ལེགས་བསྒྱུར་དང་འཐུས་ཚང་དུ་བཏང་སྟེ། དུས་རིམ་དང་གོ་རིམ་བགོས་ནས་ཁུལ་གསར་དེ་གྲོང་ཁྱེར་དོ་དམ་ལམ་ལུགས་ཕྱོགས་སུ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏོང་དགོས། ཁུལ་གསར་གྱི་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལས་བྱེད་པ་དང་འཇོན་མི་དཔུང་ཁག་ཡོངས་ཀྱི་བྱང་ཚད་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་དགོས། ཁུལ་གསར་གྱི་ལས་བྱེད་པའི་དཔྱད་འཇོག་གདེང་འཇོག་གི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཁག་ཁུར་བྱེད་ཕོད་ཅིང་སྤོབས་པས་གསར་སྐྲུན་བྱེད་ཕོད་པ། བྱས་རྗེས་འཇོག་མཁས་པ་བཅས་ལ་སྐུལ་སློང་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་བསྐྲུན་པ་རྒྱུན་འཁྱོངས་བྱས་ཏེ། ཞུང་ཨན་ཁུལ་གསར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་ཁ་ཚ་དགོས་གཏུག་གི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས། མི་དམངས་མང་ཚོགས་ལ་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་དུ་ཐོབ་སྣང་དང་སྐྱིད་སྣང་ངོ་མ་ཚོར་དུ་འཇུག་དགོས། ལས་ཞུགས་དམིགས་བསལ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ལས་ཞུགས་ལས་སྐྲུན་གྱི་སྣེ་འདྲེན་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཁུལ་གསར་གྱི་ངལ་རྩོལ་ནུས་ཤུགས་ཡང་བསྐྱར་ལས་ཀར་ཞུགས་པའི་གསོ་སྦྱོང་ལ་ཤུགས་སྣོན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་འདོམས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་སྟེང་ལམ་གསར་པ་ཞིག་གཏོད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཞུང་ཨན་ཁུལ་གསར་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་ཏན་ཏན་གྱིས་སྤེལ་རྒྱུ་དང་། བྱ་བ་འདི་གོ་སྐབས་སུ་བརྩི་བ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ། བསམ་བློ་བཅིངས་འགྲོལ་ཆེན་པོ་བྱེད་པ་དང་ནུས་པ་མཐོར་འདེགས་ཆེན་པོ་འབྱུང་བ། སྤྱོད་ཚུལ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བ། བྱ་བ་ལག་བསྟར་ཆེན་པོ་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་སྔར་བས་མཐོར་འདེགས་གཏོང་དགོས། “སྤྱོད་ཚུལ་བཞི”བསྟུད་མར་ཡོ་བསྲང་བཅོས་སྐྱོང་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པར་མཉམ་དུ་སྐུལ་འདེད་བྱས་ནས། “སྤྱོད་གཙང་ཞུང་ཨན”གྱིས“ཞུང་ཨན་རྒྱུ་སྤུས”ལ་འགན་སྲུང་བྱེད་དགོས་ཞེས་གསུངས།

                                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།