སྤྱི་ཚོགས་འགན་སྲུང་མ་ལག་ནི་མི་དམངས་ཀྱི་འཚོ་བའི་བདེ་འཇགས་དྲ་བ་དང་སྤྱི་ཚོགས་འཁོར་སྐྱོད་བརྟན་བརླིང་གཏོང་ཆས་ཡིན།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང“མཐའ་སྐྱོང་ཐིག་དང་དྲ་བ་དམ་ཚགས་བཟོ་བ། ནང་རྐྱེན་འཛུགས་པ་བཅས་ཀྱི་བླང་བྱ་ལྟར། དམངས་ཡོངས་ལ་ཁྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ།འགན་དབང་ཁ་གསལ་དང་འགན་སྲུང་ཚད་མཚམས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཁྱོན་ཡོངས་ནས་བསྐྲུན་དགོས”ཞེས་བཏོན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་། “དམངས་ཡོངས་ལ་ཁྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ། དྲང་སྙོམས་གཅིག་གྱུར།རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས”ཞེས་ནན་གྱིས་བསྟན་ཡོད།
མིག་སྔའི་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ཡོང་སྒོ་དང་འགྲོ་གྲོན་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ་དང་། ཐེབས་རྩའི་འཁོར་སྐྱོད་བདེ་འཇགས་ཀྱི་ཉེན་ཁ་སྔར་བས་འབུར་ཐོན་ཡིན་པའི་དོན་དངོས་ལ་གཞིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“དམངས་ཡོངས་ལ་ཁྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ།དྲང་སྙོམས་གཅིག་གྱུར།བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་དགོས།” ཐོག་དང་པོར་“བདེ་འཇགས་ཚད་གཞི་”དེ་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་གི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་གྱི་དམིགས་འབེན་གལ་ཆེན་དུ་བརྩིས་པ་དེ་ནི། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་པར་བླང་བྱ་གལ་ཆེན་བཏོན་པ་དང་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་ཡིན་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད།
དམངས་ཡོངས་ལ་ཁྱབ་པ་ཞེས་པ་ནི་སྤྱི་ཚོགས་འགན་སྲུང་གི་ཁྱབ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་སྡེ་ཚན་དང་མི་སྣ་སྔར་ལས་མང་པོ་སྤྱི་ཚོགས་འགན་སྲུང་གི་ཁྲོད་དུ་ཞུགས་པར་ཁྲིད་སྟོན་བྱེད་པ། ཞིང་པ་ཞོར་ལས་པ་དང་སྐབས་བསྟུན་ལས་ཞུགས་མི་སྣ། ལས་ཞུགས་གསར་བའི་རྣམ་པའི་ལས་ཞུགས་མི་སྣ་སོགས་གཙོ་གནད་ཚོགས་སྤྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གྲོན་དངུལ་འཇལ་བར་དཀའ་ངལ་ཡོད་པའི་ཚོགས་སྤྱི་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། འགན་སྲུང་བྱེད་དགོས་པའི་རིགས་ཚང་མར་འགན་སྲུང་བྱེད་པ་དང་ཁྲིམས་བཅད་ཀྱི་མི་ཚོགས་ཚང་མར་ཁྱབ་གང་ཐུབ་བྱ་དགོས། སྤྱི་ཚོགས་འགན་སྲུང་དང་རོགས་རེས་མཉམ་ཕན་གྱི་བྱེད་ནུས་སྔར་ལས་ཆེ་རུ་བཏང་སྟེ། ལས་ཤོར་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་རྒྱ་བསྐྱེད་པའི་ལས་ཀར་ཤུགས་སྣོན་བྱས་ནས། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མི་སྣ་དང་ཞིང་པ་ཞོར་ལས་པ་སོགས་ལས་ཤོར་འགན་བཅོལ་ཁྲོད་ཧུར་ཐག་གིས་ཞུགས་པར་གཙོར་བཟུང་ནས་སྐུལ་འདེད་གཏོང་དགོས། ལས་རྨས་འགན་བཅོལ་དེ་ལས་རིགས་ངལ་རྩོལ་པར་ཡོངས་སུ་ཁྱབ་པར་བྱ་དགོས།
གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ་ཞེས་པ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་འཁོར་རྒྱུག་རང་བཞིན་དང་སྔར་ལས་ལེགས་པའི་སྤྱི་ཚོགས་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ལས་བཟོ་པ་དང་གྲོང་ཁྱེར་གྱི་སྡོད་དམངས། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་མ་དངུལ་གྲབས་གསོག་དང་འགན་སྲུང་ཐོབ་ཐང་གི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས།
དྲང་སྙོམ་གཅིག་གྱུར་ཞེས་པ་ནི་སྤྱི་ཚོགས་འགན་སྲུང་ལམ་ལུགས་གཅིག་གྱུར་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་དེ་ཡོང་འབབ་བགོ་འགྲེམས་སྙོམ་སྒྲིག་གི་ཡོ་བྱད་ཡིན་པའི་ནུས་པ་གལ་ཆེན་སྔར་ལས་ལྷག་པར་མཚོན་པར་བྱེད་པ། གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་མྱུར་དུ་འཐུས་ཚང་དུ་གཏོང་དགོས།
བདེ་འཇགས་ཚད་ལྡན་ཞེས་པ་ནི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྤྱི་ཚོགས་འགན་སྲུང་ཐེབས་རྩ་ཚད་ལྡན་དུ་གཏོང་བར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་བདེ་འཇགས་ཀྱི་གཞི་ཐིག་དམ་སྲུང་བྱེད་པ་དེ་ཡིན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་དེ་མྱུར་མགྱོགས་ཀྱི་ལམ་དུ་བསྐྱོད་པ་དང་། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལོ་འཁོར་གྱི་ཡོང་སྒོ་དང་འགྲོ་གྲོན་གྱི་གཞི་ཁྱོན་བསྡོམས་པས་སྒོར་མོ་རབ་བཀྲམ་གཅིག་དང་ཁྲག་ཁྲིག་ཆེན་པོ་གསུམ་ལས་བརྒལ་བ་དང་། ཁྲོམ་ར་ཅན་གྱི་མ་འཇོག་གཉེར་སྐྱོང་ཐེབས་རྩ་སྒོར་མོ་ཁྲག་ཁྲིག་ཆེན་པོ་བརྒྱད་ལས་བརྒལ། དོ་དམ་ལྷུ་ཚིགས་ཇེ་མང་དུ་སོང་བ་དང་དོ་དམ་འབྲེལ་ཐག་ཇེ་རིང་དུ་ཕྱིན་པ། ལྟ་སྐུལ་དོ་དམ་སྟོབས་ཤུགས་མི་འདང་བ། ཐེབས་རྩ་དོ་དམ་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཆེ་རུ་ཕྱིན། ཁྲིམས་ལྟར་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། སྲིད་ཇུས་དང་སྒྲུབ་གཉེར། ཆ་འཕྲིན། ལྟ་སྐུལ་བཅས“ཕྱོགས་བཞི་གཞི་གཅིག”གི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་མཁའ་ཟོན་དང་དོག་ཟོན་ཚོད་འཛིན།བདེ་འཇགས་དོན་ཟོན། རང་འགོག་རང་བཅོས་བཅས་ཀྱི“དོག་ཟོན་བཞིའི”མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་། ཐེབས་རྩའི་ལྟ་སྐུལ་དོ་དམ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་རྣམ་འགྱུར་གྱིས་མགོ་སྐོར་གཡོ་འཕྲུལ་དང་འགན་བཅོལ་གཡོ་ལེན། འགན་བཅོལ་ཧམ་ལེན་བྱེད་པ་བཅས་ལ་རྡུང་རྡེག་ནན་མོ་བཏང་ནས། མི་དམངས་མང་ཚོགས་ཀྱི་“རྒན་གསོའི་དངུལ་”དང་“སྲོག་སྐྱོབ་དངུལ།” “སྐྱོབ་རོགས་དངུལ།” “དགེ་སྒྲུབ་དངུལ་”བཅས་རེ་རེ་བཞིན་སྲུང་སྐྱོབ་ཡག་པོ་བྱེད་དགོས།
རྒྱུན་མཐུད་ཐུབ་པ་ཞེས་པ་ནི་དེང་སྐབས་ལ་གཞི་ཚུགས་པ་དང་མ་འོངས་པར་དམིགས་ཏེ་སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩ་ཁག་གི་ཡོང་སྒོ་དང་འགྲོ་གྲོན་དོ་མཉམ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་དང་། ལམ་ལུགས་དུས་ཡུན་རིང་བོར་འཁོར་སྐྱོད་བརྟན་པོ་ཡོང་བར་བྱེད་པ། སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་ཞིང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དེ་རེད། མི་འབོར་ན་རྒས་ཅན་དུ་འགྱུར་བ་དེས་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་འགྲན་སློང་བྱེད་བཞིན་ཡོད་ཅིང་། རང་རྒྱལ་གྱི་ལས་ཐོག་ལས་བཟོ་བ་དང་ལས་འཁྱུར་ངལ་གསོ་མི་སྣའི་གསོ་སྐྱོང་བསྡུར་ཚད་དེ་དུས་རབས་20པའི་ལོ་རབས་90པའི5:1ནས་མིག་སྔའི་2.8:1བར་ཆག་ཡོད། “ ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། སྔོན་དཔག་བྱས་ན་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བཟོ་བའི་མི་གྲངས་བྱེ་བ་བཞི་ལས་བརྒལ་རྒྱུ་ཡིན་པ་དང་། གསོ་སྐྱོང་བསྡུར་ཚད་སྔར་བས་དམའ་རུ་ཆག་རྒྱུ་ཡིན་པས་ཐེབས་རྩའི་གཏོང་ཡོང་གི་གནོན་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་རེད། བསྡུ་འཇལ་ལས་ཕྱོད་ཆེ་རུ་གཏོང་བ་དང་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཁྲོམ་ར་ཅན་གྱི་མ་འཇོག་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་བྱས་ཏེ་ལམ་ལུགས་ཡུན་རིང་རྒྱུན་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས།
རིམ་པ་མང་བ་ཞེས་པ་ནི་རིམ་པ་མང་བ་དང་ཀ་རྟེན་མང་བའི་རྒན་གསོའི་འགན་བཅོལ་མ་ལག་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་ནས། མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་སྤྱི་ཚོགས་འགན་སྲུང་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་པ་དེ་ཡིན། མིག་སྔར་རང་རྒྱལ་གྱི་རིམ་པ་མང་བའི་རྒན་གསོ་འགན་བཅོལ་མ་ལག་ཁྲོད་ཀ་རྟེན་དང་པོ་ཡིན་པའི་གཞི་རྩའི་རྒན་གསོ་འགན་བཅོལ་སྣ་གཅིག་ཡིན་པ་དང་། ཀ་རྟེན་གཉིས་པའི་ཁེ་ལས་ཀྱི་ལོ་ཕོགས་ཁེབས་ཚད་དམའ་བ་དང་འཕེལ་རྒྱས་རྗེས་ལུས་ཡིན་པ། ཀ་རྟེན་གསུམ་པའི་མི་སྒེར་གྱི་རྒན་གསོའི་དངུལ་གྱི་སྲིད་ཇུས་ད་དུང་ཐོག་མའི་དུས་མཚམས་སུ་གནས་ཡོད་པ་རེད། གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་གཞི་རྩའི་ལམ་ལུགས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ་ཁེ་ལས་ཀྱི་ལོ་ཕོགས་དང་ལས་རིགས་ཀྱི་ལོ་ཕོགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཁེ་ལས་ཀྱི་ལོ་ཕོགས་ཁྱབ་ཚད་ཆེ་རུ་གཏོང་བ། མི་སྒེར་གྱི་རྒན་གསོའི་མ་དངུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་ཁ་གསབ་ནུས་ལྡན་ཐུབ་པ་བྱེད་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།