ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་གསན་སྐབས། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གཙོ་རྒོལ་ཁ་ཕྱོགས་གསལ་བོར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཧྲན་ཞིའི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་དགོས་ཞེས་ནན་གྱིས་བསྟན་པ་དང་།  ལམ་བར་དུ་ཧྲན་ཞི་ཡུན་ཁྲེང་དུ་རྟོག་ཞིབ་གནང་།
2023.05.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་དོན་སྙན་སེང་ཞུས་པར་གསན་སྐབས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཧྲན་ཞི་ལ་རླབས་རྒྱུན་གྱི་མདུན་དུ་སྐྱོད་ཕོད་པ་དང་དུས་རབས་ཀྱི་རླབས་གཤགས་བྱེད་ཕོད་པའི་ཆོད་སེམས་དང་བློ་སྤོབས་ཡོད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་རྗེས་སྙེག་པ་དང་ཚད་བརྒལ་བྱེད་ཕོད་པ་བྱས་ནས་ནུབ་རྒྱུད་ས་ཁུལ་དུ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ཆ་ལག་ཚང་བ་དང་། འཕྱུགས་པ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེར་དམ་པོར་དམིགས་པ། རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོར་བསམ་གཞིགས་བྱེད་པ། ཧྲན་ཞི་ཡི་དོན་དངོས་ལ་གཞི་རྐང་ཚུགས་པ་བཅས་ཀྱི་ཐོག་ནས། རང་ངོས་ཀྱི་བཟང་ཆ་འདོན་སྤེལ་བྱེད་པ་དང་གཙོ་གནད་ལས་ཀའི་ཁ་ཕྱོགས་གསལ་པོ་བཟོ་བ། འཕེལ་རྒྱས་ཀྱི་གནས་བབ་གསར་པ་འཛུགས་སྐྱོང་བྱེད་པའི་ཁྲོད་རང་འགུལ་ངང་ཞུགས་པ་དང་ཞབས་ཞུ་སྒྲུབ་པ། ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བརྒལ་གཏོར་གསར་པ་ཡོང་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཧྲན་ཞི་ཡི་ལེའུ་ཧུར་ཐག་ངང་འབྲི་དགོས་ཞེས་ནན་གྱིས་བསྟན། ཞི་ཅིན་ཕིང་གིས་ཞི་ཨན་དུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་དབུ་ཚོགས་ལ་མགོ་འཛིན་མ་གནང་གོང་། ཆེད་དུ་ཧྲན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་དོན་སྙན་སེང་ཞུས་པར་གསན་པ་དང་། ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཡས་ཏི་ཡིས་སྙན་སེང་ཞུས་པ་དང་། ཧྲན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་ཀྲོ་ཀང་སོགས་སྙན་སེང་ཞུ་བའི་གྲོས་ཚོགས་སུ་ཞུགས་ཡོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཧྲན་ཞི་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་མཛད།

ཞི་ཅིན་ཕིང་གིས། ཧྲན་ཞི་ཡིས་རྗེས་སྙེག་དང་ཚད་བརྒལ་ཡོང་བ་བྱེད་པར་ངེས་པར་དུ་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། རང་ངོས་ཀྱི་ཐོན་ལས་རྨང་གཞི་དང་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་རྐང་ཚུགས་ནས་འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་དེ་དངོས་ཕུང་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་སྲོལ་རྒྱུན་གྱི་བཟང་ཆའི་ཐོན་ལས་ཀྱི་སྔོན་ཐོན་གནས་བབ་ཇེ་བརྟན་དུ་གཏོང་བ་དང་མཉམ་དུ། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་ཕོད་པར་བྱས་ཏེ་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དེ། སྲོལ་རྒྱུན་ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་རིམ་སྤོར་སྒྱུར་བཀོད་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། འཐུས་ཚང་རང་བཞིན་དང་། སྔོན་ཐོན་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་བླང་བྱ་དང་མཐུན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་པ་བཅས་བྱས་ཏེ། དེང་རབས་ཀྱི་ནུས་ཁུངས་ཐོན་ལས་ཁྱུ་ཚོགས་སྟོབས་ཆེ་རུ་དང་སྤུས་ལེགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་མདུན་གྲལ་ལ་དམིགས་ཏེ། རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་ལག་བསྟར་དང་། འགག་རྩའི་ལྟེ་བའི་ལག་རྩལ་སྔར་ལས་མང་བ་བརྒལ་གཏོར་ཐུབ་པ་བྱས་ཏེ། རྒྱལ་ཁབ་ཆེན་པོའི་ལག་རྩལ་སྔར་ལས་མང་བ་གཏོད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་སྦྲེལ་ཐག་དང་། ཐོན་ལས་སྦྲེལ་ཐག མ་དངུལ་གྱི་སྦྲེལ་ཐག ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། ཞི་ཨན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་དང་ཚན་རྩལ་གསར་གཏོད་ལྟེ་གནས་ལེགས་པར་བཙུགས་ནས། རྒྱལ་ཁབ་ཀྱི་ཚན་ཞིབ་དང་རིག་སློབ་ལྟེ་གནས་གལ་ཆེན་དང་། མཐོ་གསར་ལག་རྩལ་ཐོན་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་གལ་ཆེན་ཧུར་ཐག་ངང་བསྐྲུན་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ཐད་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་ཞིང་སྡེ་རུ་ཡོད་པས། ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་དགོས། རྫོང་གྲོང་གིས་གཞི་རྟེན་གལ་ཆེན་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྫོང་གྲོང་གི་གྲོང་ཁྱེར་དོ་དམ་གྱི་ལས་དོན་གྱི་སྤྱི་སྤྱོད་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཆུ་ཚད་དང་། རྨང་གཞིའི་སྤྱི་པའི་ཞབས་ཞུ། ཐོན་ལས་ཀྱི་ཆ་ཚང་ནུས་པ་བཅས་མཐོ་རུ་གཏོང་བ། ཕྱོགས་བསྡུས་ཐེག་ནུས་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། རྫོང་གྲོང་གིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ཁྱབ་འགྱེད་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་གཏོང་བ་དང་། ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱས་ཏེ། རྫོང་གྲོང་གཙོ་གནད་དུ་འཛིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་སྦྲེལ་ཚིགས་སུ་བྱེད་པའི་རྫོང་ཁོངས་ཀྱི་དཔལ་འབྱོར་མ་ལག་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་ངང་བརྗེ་རེས་དང་ཕྱོགས་གཉིས་སུ་འཁོར་སྐྱོད་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོ་གོ་རིམ་ལྡན་པའི་ངང་གྲོང་གསེབ་ཏུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། སྲོལ་རྒྱུན་སྡེ་བ་དང་ཞིང་སྡེའི་ཁྱད་ལྡན་རྣམ་པར་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་ཡོན་ལྡན་པའི་ཞིང་སྡེའི་གོམས་སྲོལ་སྐྱེད་སྲིང་བྱེད་དགོས། འགུལ་རྣམ་ལྟ་ཞིབ་ཚད་ལེན་མུ་མཐུད་དུ་ལག་བསྟར་བྱས་ནས་དབུལ་ཐར་ས་ཁུལ་གྱི་ནང་གནས་གོང་སྤེལ་གྱི་སྒུལ་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། གཞི་ཁྱོན་ལྡན་པའི་དབུལ་བོ་བསྐྱར་ལོག་མི་འབྱུངབའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས། འཕེལ་རྒྱས་གཏོང་ཐབས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་བརྗེ་སྒྱུར་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་ནུས་ལྡན་བྱེད་པ་དང་། གནམ་སྔོ་ཆུ་དྭངས་ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་དུ་ཡག་པོར་རྒྱག་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཧྲན་ཞི་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རྩའི་ཚད་གཞིར་བརྩི་བ་དང་། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དང་འབྲེལ་ཡོད་འཆར་འགོད་ལག་བསྟར་ནན་པོ་བྱེད་པ། ས་ཆུ་ཤོར་བ་དང་ཐང་རྒོད་ཅན་གྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོར་ཤུགས་སྣོན་རྒྱག་པ། ཞིང་ལས་ཕྱོགས་ཀྱི་སྦགས་བཙོག་དང་བཟོ་ལས་སྦགས་བཙོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་སྦགས་བཙོག་བཅས་འགོག་བཅོས་བྱེད་པ་དང་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་བཅས་ཀྱི་ཐོག་ནས། མ་ཡུམ་ཆུ་བོ་རྨ་ཆུར་སྲུང་སྐྱོབ་ཡག་པོ་བྱེད་དགོས། མདོ་ལ་རི་རྒྱུད་ཀྱི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྲུང་སྐྱོབ་སྒྲིག་གཞི་དང་ནང་རྐྱེན་འཐུས་ཚང་འཛུགས་པ། ལྟ་འདོམས་མ་ལག་འཐུས་ཚང་འཛུགས་པ། འགུལ་རྣམ་གྲལ་བཤེར་བཅོས་སྒྲིག་ཡག་པོ་བྱེད་པ། རང་རྒྱལ་གྱི་ཆུ་མཛོད་གཙོ་བོར་སྲུང་སྐྱོབ་ཡག་པོ་བྱེད་དགོས། ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དཀྱིལ་མའི་བཟོ་སྐྲུན་ཆུ་ཁོངས་ས་ཆའི་སྲུང་སྐྱོབ་ཤུགས་ཆེར་གཏོང་བ་བརྒྱུད། ཆུ་མོ་དྭངས་ཤིང་གཙང་བ་ཞིག་བྱང་ཕྱོགས་སུ་རྟག་ཏུ་འདྲེན་རྒྱུ་འགན་ལེན་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་གྱི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། ཐོན་ལས་སྒྲིག་གཞི་དང་། ནུས་ཁུངས་སྒྲིག་གཞི། འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་གཞི། ས་ཆ་བེད་སྤྱོད་སྒྲིག་གཞི་བཅས་ལེགས་སྒྲིག་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་བ། ནུས་ཁུངས་ཐོན་ལས་ལྗང་མདོག་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ། ཁྱོན་ཡོངས་གྲོན་ཆུང་འཐབ་ཇུས་ལག་བསྟར་དང་། ལྗང་མདོག་འཛད་སྤྱོད་སྐུལ་སྤེལ་ཧུར་ཐག་བཏང་ཐོག ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བེད་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས།  ཕྱི་ནང་གཉིས་ཀྱི་སྒོ་འབྱེད་ཧུར་ཐག་གིས་རྒྱ་སྐྱེད་དེ།  ནང་ལོག་སྐམ་སའི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པའི་ནང་དེ་བས་རང་འགུལ་ངང་ཞུགས་པ་དང་དེར་ཞབས་ཞུ་ཡག་པོ་བསྒྲུབ་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གནས་སྟངས་ཆེན་པོའི་ཁྲོད་དེ་བས་ཟབ་ཞུགས་བྱེད་པ། ཕྱི་ནང་གཉིས་ཀྱི་སྒོ་འབྱེད་རྒྱ་སྐྱེད་གཏོང་བའི་ནང་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱས་ཏེ་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཞིག་གཏོད་དགོས། སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་ལ་སོགས་པའི་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་བརྟན་ཐོག་རྒྱ་སྐྱེད་གཏོང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཚད་མཐོ་བའི་སྒོ་འབྱེད་སྟེགས་བུ་ཧུར་ཐག་གིས་བསྐྲུན་དགོས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་ཞི་ཨན་གཅིག་སྡུད་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཨེ་ཤ་ཡ་དབུས་མ་དང་། ཨེ་ཤ་ཡ་ལྷོ་མ། ཨེ་ཤ་ཡ་ནུབ་མ་བཅས་ཀྱི་རྒྱལ་ཁབ་ལ་ཕྱོགས་པའི་ཕྱི་ཕྱོགས་སྒོ་འབྱེད་བགྲོད་ལམ་གལ་ཆེན་གང་མགྱོགས་ཀྱིས་ཆགས་པར་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་གཉིས་ལྡན་འབྲེལ་མཐུད་བྱེད་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གིས་བསྐྲུན་ནས། ཚོང་འགུག་མ་འདྲེན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ད་ལྟ་ཏང་ཡོངས་སུ་གཏིང་ཟབ་ངང་སྤེལ་བཞིན་ཡོད་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་གཏིང་ཟབ་ཏུ་གཏོང་བ་དང་ཚགས་དམ་དུ་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལག་ལེན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་ངོ་མ་ཐོན་པར་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་འཕེལ་བར་བྱེད་ཅེས་པ་ནི་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་བ། ཐབས་ཤེས་ཤེས་པ། བློ་རིག་བཀྲ་བར་འགྱུར་བ་བཅས་ཡིན་པ་དང་། ཁྱིམ་གཞིས་སྐྱོང་བའི་འཇོན་ཐང་དང་། ཏང་དར་རྒྱས་གཏོང་བའི་འཇོན་ཐང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཇོན་ཐང་བཅས་སྦྱོང་དགོས་པ་དེ་ཡིན། གཅིག་ནས་ཆབ་སྲིད་ཀྱི་ནུས་པ་མཐོ་རུ་གཏོང་བ་དང་། ཏང་དང་མི་དམངས་ཀྱི་ལངས་ཕྱོགས་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་ཐད་ནས་གནད་དོན་ལ་བསམ་གཞིགས་དང་། ཇུས་ཐག་གཅོད་པ། དོན་དག་སྒྲུབ་པ་བཅས་ལ་མཁས་པར་བྱེད་པ་དང་། རྙོག་འཛིང་ཆེ་བའི་གནད་དོན་ཁྲོད་ནས་བྱ་བའི་ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པར་བྱེད་པ། གནད་དོན་མགོ་འབུས་དུས་ནས་བྱ་བའི་འཕེལ་ཕྱོགས་རང་བཞིན་རྟོགས་པ། གློ་བུར་རང་བཞིན་གྱི་གནད་དོན་ཁྲོད་ནས་བྱ་བའི་ལྡོག་མེད་རང་བཞིན་ཤེས་རྟོགས་བྱེད་པ། རྙོག་འཛིང་ཆེ་བའི་ཕྱོགས་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པར་མཁས་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཆབ་སྲིད་ཉེན་ཁ་འགོག་ཟོན་བཅས་བྱེད་པ། ཏང་དང་མི་དམངས་ཀྱིས་གནང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་བ། དངོས་གནས་ཆབ་སྲིད་ཀྱི་ཧ་གོ་བའི་མི་ཞིག་བྱེད་དགོས་ཞེས་བསྟན་ཡོད། གཉིས་ནས་བསམ་གཞིགས་ཀྱི་ནུས་པ་ཆེ་རུ་བཏང་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་རང་ཉིད་ཀྱི་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་ལ་འགྱུར་བར་བྱེད་པ། གནད་དོན་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱེད་པའི་“སྤྱིའི་ལྡེ་མིག་”ལ་བརྩིས་ནས། འཐབ་ཇུས་ཀྱི་བསམ་གཞིགས་དང་། རྩོད་སྒྲུབ་ཀྱི་བསམ་གཞིགས། མ་ལག་གི་བསམ་གཞིགས། གསར་གཏོད་ཀྱི་བསམ་གཞིགས། ལོ་རྒྱུས་ཀྱི་བསམ་གཞིགས། ཁྲིམས་སྐྱོང་གི་བསམ་གཞིགས། མཐའ་ཚད་ཀྱི་བསམ་གཞིགས་བཅས་ཀྱི་ནུས་པ་བཅས་ནན་ཏན་གྱིས་ཆེ་རུ་བཏང་སྟེ། བྱ་དངོས་ཀྱི་ངོ་བོ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། ལས་ཀའི་འགག་རྩ་ཁོང་དུ་ཆུད་པ།  སྲིད་ཇུས་ཀྱི་ཚད་གཞི་ཁོང་དུ་ཆུད་པར་བཅས་བྱེད་པ། ལས་ཀའི་ཚན་རིག་དང་མཐུན་པའི་རང་བཞིན་དང་། སྔོན་མཐོང་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་བ། གསུམ་ནས་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པའི་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་ཟོན་བཅས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉེན་ཁ་འགོག་པ་དང་། འགྲན་རྩོད་ལ་ཁ་གཏད་གཅོག་པ། གནོན་ཤུགས་འགོག་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཤེས་བྱའི་སྟོང་ཆ་ཁ་སྐོང་བ་དང་། བྱང་ཚད་ཀྱི་ཞན་ཆ་གསབ་པ། ནུས་པའི་མི་འདང་ས་ཤུགས་ཆེར་གཏོང་བ་བཅས་བྱེད་པ་བརྒྱུད། ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། ཧྲན་ཞི་ཡིས་རང་ངོས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་དང་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་།  ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་དང་ཡན་ཨན་གྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་ཤུགས་ཆེན་བཏང་སྟེ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་དང་རིག་དངོས་སྲུང་སྐྱོབ་ལས་དོན་ཐུགས་ལ་བཟུང་ཡོད།  ཧྲན་ཞི་རུ་ཕེབས་པའི་ལམ་བར་དུ། ཞི་ཅིན་ཕིང་མེ་འཁོར་ལས་བབས་ཏེ་ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལན་ཧྥུའུ་ཨན་དང་ཧྲིན་ཀྲང་ཅིན་ཞང་ཅོན་གཉིས་ཀྱི་ཕེབས་རོགས་འོག སྔ་རྗེས་སུ་ཡུན་ཁྲེང་རྟེན་རྫས་བཤམས་མཛོད་ཁང་དང་ཡུན་ཁྲེང་ཚྭ་མཚེའུ་ལ་རྟོག་ཞིབ་གནང་བ་རེད། ཡུན་ཁྲེང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཀྱི་རྨང་གཞི་ཟབ་ཅིང་། “ཚྭ་འདྲེན་གྲོང་ཁྱེར”ལ་བརྟེན་ནས་མིང་དེ་ལྟར་ཐོགས་པ་རེད། རྟེན་རྫས་བཤམས་མཛོད་ཁང་དུ། ཞི་ཅིན་ཕིང་གིས“ཧྭ་ཞ་ཡི་འབྱུང་རྩ་འཚོལ་བ”དང“ཉར་ཚགས་དངོས་རྫས”“ཚྭ་རྫིང་གི་དུས་བཞི”སོགས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས། ཡུན་ཁྲེང་གི་མིའི་རིགས་ཀྱི་འབྱུང་ཁུངས་སྐོར་དང་ཀྲུང་ཧྭའི་དཔལ་ཡོན་གྱི་སྔ་དུས་ལོ་རྒྱུས་འཕེལ་རྒྱས་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ཡུན་ཁྲེང་ཚྭ་མཚེའུ་ཡི་ཆགས་འཕེལ་དང་ལོ་རྒྱུས་ཀྱི་འཕེལ་རིམ་ངོ་སྤྲོད་ཞུས་པར་གསན། ཞི་ཅིན་ཕིང་གིས། རྟེན་རྫས་བཤམས་མཛོད་ཁང་དུ་རྩ་ཆེའི་རིག་དངོས་དང་ཐ་ན“རྒྱལ་ནོར”མང་པོ་ཡོད། དེ་དག་ལས་རང་རྒྱལ་གྱི་ལོ་ངོ་ཁྲི་ཁྲག་གི་མིའི་རིགས་ཀྱི་ལོ་རྒྱུས་དང་། ལོ་ངོ་ཁྲི་གཅིག་གི་རིག་གནས་ཀྱི་ལོ་རྒྱུས། ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་དཔལ་ཡོན་ལོ་རྒྱུས་བཅས་ར་སྤྲོད་ཐུབ་ཀྱི་ཡོད་པས། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཐོག ཀྲུང་གོའི་དཔལ་ཡོན་གྱི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་། དོ་དམ་ལ་ཤུགས་སྣོན། རིན་ཐང་སྔོག་འདོན། བེད་སྤྱོད་ནུས་ལྡན། རིག་དངོས་བསྐྱར་གསོན་བཅས་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཡུན་ཁྲེང་ཚྭ་མཚེའུ་ལ་ལོ་ངོ་4600ལྷག་ཙམ་གྱི་སྔོག་འདོན་ལོ་རྒྱུས་ལྡན་པས། མི་ཆོས་རིག་གནས་ཀྱི་ནང་དོན་གཏིང་ཟབ་དང་ལོ་རྒྱུས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་སྔོན་ལ་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས“ཚྭ་དོར་མཚེའུ་གསོའི”བྱེད་ཐབས་ལག་བསྟར་བྱས་པ་དང་། ཚྭ་མཚེའུ་ཡི་སྲུང་སྐྱོབ་ཁྱབ་ཁོངས་ནང་གི་བཟོ་ལས་ཐོན་སྐྱེད་ཆ་ཚང་མཚམས་བཞག་སྟེ་ཡུལ་བབ་དང་བསྟུན་ནས་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ཞི་ཅིན་ཕིང་གིས་འགྲེམས་པང་དང་འགྲེམས་རྫས་སོགས་དང་ཟུང་འབྲེལ་གྱིས་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་པ་དང་ཡུལ་དངོས་སུ་ཚྭ་མཚེའུ་ཡི་རྣམ་པར་གཟིགས་ཞིབ་གནང་བ་རེད། ཁོང་གིས། ཚྭ་མཚེའུ་ཡི་སྐྱེ་ཁམས་རིན་ཐང་དང་ནུས་པ་སྔར་བས་གལ་ཆེན་དུ་འགྱུར་བཞིན་ཡོད་པས། སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོར་བསྒྲུབ་སྟེ། ཚྭ་མཚེའུ་ཡི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་ཐོན་ཁུངས་དང་འབྱུང་ཁམས་ཐོན་ཁུངས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་པ་དང་། དེའི་སྐྱེ་ཁམས་ནུས་པ་རིམ་བཞིན་སླར་གསོ་དང་དེའི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལ་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས། ཁོང་གིས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་ཚད་ནས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་རེད། རྨ་ཆུ་འབབ་རྒྱུད་ཀྱི་ཞིང་ལྗོངས་ཁག་ཚང་མས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་འཕེལ་རྒྱས་འཆར་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་འགལ་རྐྱེན་བཟོ་བའི་བྱ་བ་གཏན་ནས་བསྒྲུབ་མི་རུང་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིན་གྱི་ཀྲུའུ་རེན་ཚེ་ཆི་སྙན་ཞུའི་ཚོགས་འདུར་ཞུགས་པར་མ་ཟད་གཟིགས་ཞིབ་ལ་ཕེབས་རོགས་གནང་ཞིང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས་ནས་གཟིགས་ཞིབ་ལ་ཕེབས་རོགས་ཀྱང་ཞུས་ཡོད། བརྗོད་དོན་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།

                                                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།