དྲི་བ་དོན་བཞི།  བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་དགོས་དོན་ཅི་ཡིན་ནམ།
2023.05.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཇེ་ལེགས་སུ་གཏོང་བ་དང་། བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་བཙུགས་ཏེ། བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་ཇེ་དམའ་རུ་གཏོང་དགོས”ཞེས་བསྟན་ཡོད།   མི་འབོར་གྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་མདུན་དུ་ལྷགས་པའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་ཡིན། 2021ལོའི་ཟླ6པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བུ་བཙའི་སྲིད་ཇུས་ཇེ་ལེགས་སུ་བཏང་ནས་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》པར་འགྲེམས་བྱས་ཏེ།    ཁྱོ་ཤུག་ཟུང་གིས་བུ་ཕྲུག་གསུམ་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་དང་།  བུ་བཙར་རྒྱབ་སྐྱོར་ལེགས་པོ་བྱེད་པའི་བྱེད་ཐབས་ཆ་ཚང་ལག་བསྟར་བྱས་པ་རེད།   2021ལོའི་ཟླ8པར།   སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པའི་ཐོག  མི་འབོར་དང་འཆར་ལྡན་བུ་བཙའི་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བྱས་པ་དང་། “རྒྱལ་ཁབ་ཀྱིས་ནོར་སྲིད་དང་། ཁྲལ་བསྡུ། འགན་བཅོལ། སློབ་གསོ། སྡོད་ཁང་། ལས་ཞུགས་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་སྤྱད་དེ།  ཁྱིམ་ཚང་གི་བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ”གཏན་འབེབས་བྱས་ཡོད།   བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་མགྱོགས་མྱུར་ངང་འཛུགས་རྒྱུ་ནི་མི་འབོར་དུས་ཡུན་རིང་བོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཡིན།

བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་རྒྱུ་ནི་མི་འབོར་གྱི་གནས་བབ་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཐད་མངོན་གསལ་དོད་པའི་འགྱུར་ལྡོག་ཁ་ཤས་བྱུང་ནས། མི་འབོར་གྱི་གྲུབ་ཆའི་འགྱུར་ལྡོག་ལས་བྱུང་བའི་འགྲན་སློང་ལ་འཕྲད་ཡོད།   རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན།  2021ལོར་རྒྱལ་ཡོངས་ཀྱི་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་གཅིག་ས་ཡ་གཉིས་འབུམ་དྲུག་ཙམ་ཟིན་པ་དང་།  ལོ་དེར་མི་བྱེ་བ་གཅིག་དང་འབུམ་དྲུག་ཁྲི་གཉིས་སྐྱེས་ཤིང་།   སྐྱེ་ཚད་མུ་མཐུད་དུ་ཇེ་དམའ་རུ་ཕྱིན་ཡོད།  མི་འབོར་འཕར་ཚད་ཇེ་དལ་དུ་འགྲོ་བ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དུས་མཚམས་ངེས་ཅན་ཞིག་ཏུ་སླེབས་རྗེས་ཀྱི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཡིན་མོད།  འོན་ཀྱང་མི་འབོར་འཕར་ཚད་ཆེས་ཆེར་ཇེ་དམའ་རུ་སོང་ཚེ་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐོན་སྲིད་པས།  གལ་ཏེ་ཐེ་གཏོགས་མ་བྱས་ན་སྐྱེ་ཚད་དམའ་བ་དང་མི་འབོར་ལྡོག་འཕར་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ།  ཁྱིམ་ཚང་གི་ཉེན་ཁ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་དང་། རྒན་རྒོན་ཅན་གྱི་མི་འབོར་གསོ་སྐྱོང་གི་ཁུར་པོ་མུ་མཐུད་དུ་ཇེ་ལྕིར་འགྲོ་བ། ན་གཞོན་ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་མི་འདང་བ།   སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་མར་ཆག་པ་བཅས་བྱུང་ནས།  མ་འོངས་པར་མི་འབོར་དང་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་ལ་མི་མངོན་པའི་ཉེན་ཁ་བཟོ་སྲིད།   རྒྱལ་སྤྱིའི་ཉམས་མྱོང་ལས་བལྟས་ན།  བུ་བཙར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཚེ་ཕྲུ་གུ་སྐྱེ་ཚད་ཇེ་དམའ་རུ་འགྲོ་བ་ཚོད་འཛིན་བྱེད་ཐུབ།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་སྲིད་ཇུས་ཀྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལྟར་ན། བུ་བཙའི་ཆུ་ཚད་དེ་མི་འབོར་དོ་སྙོམས་ཀྱི་ཆུ་ཚད་ལས་དམའ་བའི་རྒྱལ་ཁབ་དང་ས་ཁུལ་ཁྲོད་ཀྱི62%ཡིས་ཕྲུ་གུ་སྐྱེ་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་ལག་བསྟར་བྱས་ཤིང་།  དེའི་ཁྲོད་ཀྱི་ཕྱེད་ཀ་ལས་བརྒལ་བའི་ཕྲུ་གུ་སྐྱེ་ཚད་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་ཇེ་མཐོར་འགྲོ་བ་མངོན་འགྱུར་བྱུང་ཡོད།

བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་རྒྱུ་ནི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། མི་འབོར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བར་ཧུར་ཐག་དང་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། མི་འབོར་དང་བུ་བཙའི་སྲིད་ཇུས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང་། དུས་ཡུན་རིང་པོར་བསགས་པའི་བུ་བཙའི་སྟོབས་ཤུགས་གཞི་རྩའི་ཆ་ནས་ཐོན་པ་མངོན་འགྱུར་བྱུང་ཡོད།  མིག་སྔར།   བུ་བཙའི་སྲིད་ཇུས་ཁོར་ནར་བརྟེན་ནས་ཕྱོགས་རྐྱང་བ་ནས་ནུས་ཤུགས་འདོན་པ་དེས་བུ་བཙའི་ཆུ་ཚད་ཇེ་དམའ་རུ་འགྲོ་བའི་གནས་ཚུལ་ལ་ཁ་གཏད་འཇལ་དཀའ་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ཀྱིས་ཕྲུ་གུ་མང་བའི་ཁྱིམ་ཚང་གི་དགོས་མཁོར་བསམ་གཞིག་གང་ལེགས་མ་བྱས་པར་བརྟེན། ཕྲུ་གུ་གསོ་སྐྱོང་གི་མ་གནས་གཙོ་བོ་ཁྱིམ་ཚང་གིས་འཁུར་དགོས་བ་རེད།   ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་གྱིས་བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་རྒྱུར་བཀོད་སྒྲིག་བྱས་པ་དེ།  ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལྟ་བ་བསྒྱུར་བ་དང་བསམ་བློ་གཅིག་གྱུར་བྱེད་པ། བུ་བཙའ་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ།  སྐྱེ་ཚད་དམའ་བའི་འགྲན་སློང་ལ་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་ངང་ཁ་གཏད་འཇལ་བ་བཅས་ལ་ཕན་ཐོགས་པ་དང་། ཁྱིམ་ཚང་གི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་མི་རབས་བར་གྱི་རྒྱབ་སྐྱོར་ནུས་པ་ཇེ་དྲག་ཏུ་གཏོང་བ།  ཁྱིམ་ཚང་གི་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བ་བཅས་ལ་ཕན་ཐོགས་པ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་བྱེད་པར་ཕན་ཐོགས་ཡོད་པ་རེད།

བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་རྒྱུ་ནི་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་དངོས་ཡིན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་། མཐོ་རིམ་སློབ་གསོ་ཁྱབ་གདལ་གཏོང་བ་སོགས་རྒྱུ་རྐྱེན་མང་པོ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱི་བུ་བཙའི་འདུ་ཤེས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཞིང་།  སྡོད་ཁང་གི་རིན་གོང་མཐོ་བ་དང་། བུ་ཕྲུག་གསོ་སྐྱོང་དང་སློབ་གསོར་མ་དངུལ་གཏོང་ཚད་མཐོ་བ། བུ་བཙའི་བུད་མེད་ཀྱི་ལས་གནས་ལ་མཐོང་ཆུང་བྱེད་པ་སོགས་ཚང་མ་བུ་བཙའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་དུ་གྱུར་ཡོད།  བུ་བཙའི་སྲིད་ཇུས་ཀྱི་གཙོ་གནད་དེ་བུ་བཙའི་གྲངས་འབོར་ལེགས་སྒྲིག་བྱེད་པ་ནས་བུ་བཙར་རྒྱབ་སྐྱོར་བྱེད་པའི་སྟེང་བཞག་ཏེ། གཉེན་སྒྲིག་དང་བུ་བཙའ། གསོ་སྐྱོང་། སློབ་གསོ་བཅས་གཞི་གཅིག་ལ་བསམ་གཞིག་བྱེད་པ་དང་།   སྲིད་གཞུང་དང་མི་བཀོལ་ལས་ཁུངས། མི་སྒེར་སོགས་བུ་བཙའི་གསོ་སྐྱོང་ཐད་ཀྱི་ཕྱོགས་མང་པོའི་འགན་འཁྲི་དངོས་འབེབས་གསལ་བོ་བྱས་ནས། ཞབས་ཞུ་མཁོ་སྤྲོད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཚེ།  གཞི་ནས་གཉེན་སྒྲིག་དང་བུ་བཙའི་མཛའ་མཐུན་གྱི་སྤྱི་ཚོགས་རྣམ་པ་ཧུར་ཐག་གིས་བསྐྲུན་པ་དང་།   སྤྱི་ཚོགས་ཀྱི་བུ་བཙའི་གསོ་སྐྱོང་གི་སེམས་ཁྲལ་ཇེ་ཡང་དུ་བཏང་ནས།   མི་འབོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།