སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ངེས་པར་དུ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ཇུས་འགོད་བྱེད་དགོས”ཞེས་བསྟན་ཡོད། དེ་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པའི་བླང་བྱ་གསར་པ་ཞིག་རེད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བསམ་བློ་དང་བཅའ་ཁྲིམས། སྒྲིག་གཞི། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཤུགས་བརྒྱབ་པ། ཕྱོགས་ཡོངས་དང་ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ་བཅས་བྱས་ནས།
རྩ་བའི་རང་བཞིན་དང་གསར་གཏོད་རང་བཞིན། རྒྱང་རིང་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པ། མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྣེ་ཁྲིད་བྱེད་པ་བཅས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཏོན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཆགས་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ངོས་ཟིན་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ལེགས་བཅོས་བྱ་རྒྱུ་ནི་དུས་ཡུན་རིང་པོར་དཀའ་སྤྱད་འབད་བརྩོན་བྱ་དགོས་པའི་བརྒྱུད་རིམ་ཞིག་ཡིན་པས་བྱེད་ཐེངས་གཅིག་ལ་འགྲུབ་མི་ཐུབ། མིག་སྔར་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་བའི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དེ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དང་བསྡུར་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་བསྡུར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་ཡོད།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ཀྱི་ཇུས་འགོད་བྱེད་པ་ནི། རང་རྒྱལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པའི་ནང་གནས་ཀྱི་བླང་བྱ་རེད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ཚུན་དུ། མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བདེ་བླག་ངང་བསྐྱོད་ཡོད། བགྲོད་ལམ་དེར་ཁྱད་ཆོས་གལ་ཆེན་མང་པོ་ལྡན་ཡོད་པ་དེའི་གྲས་ཀྱི་གཅིག་ནི། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་ནས་དངོས་པོའི་དཔལ་ཡོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་པ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་རྒྱུ་དེ་རེད། མིའི་རིགས་ཀྱི་ལོ་ངོ200ལྷག་ཙམ་གྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དེང་རབས་ཅན་གྱི་རྒྱལ་ཁབ་དང་ས་ཁུལ་30ལས་མི་བརྒལ་བ་དང་མི་འབོར་དུང་ཕྱུར་10ལས་མི་བརྒལ་བ་བྱ་རྒྱུ་རེད། རང་རྒྱལ་ལ་མི་གྲངས་དུང་ཕྱུར་14ལྷག་ཡོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་བཞིན་ཡོད་པས། གལ་ཏེ་ཡོ་རོབ་དང་ཨ་མེ་རི་ཁ་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལམ་རྙིང་དུ་བསྐྱོད་ནས་ཐོན་ཁུངས་འབོར་ཆེན་ཟད་གྲོན་དང་ཁོར་ཡུག་ལ་སྦགས་བཙོག་བཟོས་ན། རྒྱུན་མཐུད་དཀའ་བ་དང་སྐྱོད་ཐབས་བྲལ་བ་ཞིག་རེད། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་དགོས་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས། འདི་ནི་རང་རྒྱལ་གྱི་གནས་ཚུལ་དངོས་དང་བསྟུན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ཀྱི་ཇུས་འགོད་བྱེད་པ་ནི། རང་རྒྱལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་ཡིན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་སྐབས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་སྐུལ་འདེད་འོག རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐཱན་ཉུང་གཏོང་བྱེད་པ་གཙོ་གནད་འཐབ་ཇུས་ཀྱི་ཁ་ཕྱོགས་སུ་བྱེད་པ་དང་། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དེ་གྲངས་ཀའི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་གི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད། དེར་བརྟེན་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ། གྲོན་ཆུང་སྔོན་ལ་འཇོག་པ་དང་སྲུང་སྐྱོབ་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་སྦགས་བཙོག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ལ་སྤྱི་འདོམས་བྱས་ནས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་རྣམ་པ་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པར་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ཀྱི་ཇུས་འགོད་བྱེད་པ་ནི། རང་རྒྱལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་དང་ལྗང་མདོག་གཞན་སྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་བླང་བྱ་ཞིག་རེད། ལྗང་མདོག་ནི་ལྟེ་བ་དང་འགག་རྩ་ནི་ཁྱོན་ཡོངས་ལ་ཐུག་པ། གནད་འགག་ནི་རིགས་བསྒྱུར་ལ་ཐུག་ཡོད། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱི་ཡོངས་བཀོད་སྒྲིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཞག་སྟེ། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམ་འཛིན་བྱ་གཞིར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། གནད་སྨིན་བཙོག་བཅོས་དང་ཚན་རིག་དང་མཐུན་པའི་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་བྱེད་པ་བཅས་ལ་དེ་ལས་དོ་སྣང་བྱས་ནས་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཐོན་ལས་གྲུབ་ཆ་དང་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་ནས། ཐོན་སྐྱེད་ཀྱི་བར་སྟོང་་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བ། འཚོ་བའི་བར་སྟོང་སྡོད་རྒྱུར་འཚམ་ལ་འོས་འཚམ་ཡིན་པ། སྐྱེ་ཁམས་བར་སྟོང་གི་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་རྒྱུ་རྒྱུན་འཁྱོངས་བྱས་ནས་ནུས་རྒྱུ་གསར་པའི་བློས་འགེལ་ཆོག་པའི་ཚབ་བྱེད་བརྒྱུད་རིམ་ཁྲོད་རིམ་བཞིན་འགྱུར་རྡོའི་ནུས་རྒྱུ་ཉུང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། དྭངས་གཙང་ཐཱན་ཉུང་བདེ་འཇགས་དང་ཕན་འབྲས་ཆེ་བའི་ནུས་རྒྱུའི་མ་ལག་གསར་པ་གཏོད་དགོས། ནུས་ཁུངས་ཟད་གྲོན་ཆེ་བ་དང་ཕྱིར་འབུད་ཚད་མཐོ་བའི་ལས་གཞི་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱིས་དཔལ་འབྱོར་སྡོམ་འབོར་ཁྲོད་ཀྱི་བསྡུར་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།