ཉེ་ལམ། གསར་འགོད་པས་རླངས་འཁོར་བསྐོར་ནས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་མཚོ་སྟོད་སྡེ་བར་སོང་བ་དང་། ལམ་བར་དུ་རོང་པོ་ཐང་རྒྱལ་སྤྱིའི་གཙོ་གནད་བརླན་ས་བརྒྱུད་སྐབས། ཁོད་ཡངས་ལ་ངོས་སྙོམས་པའི་ན་འདམ་གྱི་སྤང་ཐང་དུ་འདབ་ཆགས་རྣམས་ཀྱིས་རྒུམ་བུ་འཐུ་བཞིན་རང་བྱུང་ཁོར་ཡུག་ལྷིང་འཇགས་སེར་སྣང་།
མཚོ་སྟོད་སྡེ་བའི་ཐུན་མོང་དཔལ་འབྱོར་སྒོ་རྩིས་ཚོང་ཁང་དུ་ཐོན་པ་ན། ཚོང་པ་བདེ་སྐྱིད་དབང་མོས་གསར་དུ་ཐོན་པའི་ཚོང་རྫས་རྣམས་ཟོང་སྒྲོམ་སྟེང་བསྒྲིགས་བཞིན་ཡོད། སྨི་གྲུ་བཞི་མ300ལ་ཉེ་བའི་སྒོ་རྩིས་ཚོང་ཁང་གི་ཟས་རིགས་དང་ཞོར་ཟས། སྔོ་ཚོད་དང་སིལ་ཏོག འབྲས་དང་ཕྱེ་སྣུམ་སོགས་ཟོང་སྒྲོམ་སྟེང་གྲལ་དག་མོར་བཤམས་ཡོད་ལ་སྣ་ཁ་མང་ཞིང་། སྤྱིར་བཏང་གི་སྒོ་རྩིས་ཚོང་ཁང་དུ་མཐོང་བའི་ཉིན་རེའི་ཉེར་མཁོའི་ཚོང་རྫས་དག་ཡོད་པ་ལས་གཞན། ད་དུང་དྲོད་སྲུང་ནང་ལྭ་དང་ལྷམ་ཚངས། ཟངས་ཀྱི་སླ་ང་སོགས་ཀྱི་འཚོ་བའི་མཁོ་ཆོས་ཀྱང་བསྒྲིགས་ཡོད།
“བདེ་སྐྱིད་ལགས། ངའི་ཁྱིམ་ཐོ་བསྐྱར་དཔར་བྱེད་རོགས།” “འོ་ཡ། ཅུང་སྒུག་དང་།”འགྲུལ་བར་ཁྱིམ་ཐོ་བསྐྱར་དཔར་བྱེད་དགོས་པ་ཤེས་རྗེས་བདེ་སྐྱིད་ཀྱིས་ལག་གི་ལས་ཀ་བསྐྱུར་ནས་སྦྱིན་པ་ཚུལ་ཁྲིམས་ཀྱི་ཁྱིམ་ཐོ་བསྐྱར་དཔར་བྱས།
བསྐྱར་དཔར་བྱས་ཚར་རྗེས། སྦྱིན་པ་ཚུལ་ཁྲིམས་ཚོང་ཁང་དུ་སོང་ནས་སྟབས་བདེ་ཐུག་པ་དང་སུར་པན་བསྙལ་མ་སོགས་ཀྱི་ཚོང་རྫས་ཉོས། སྦྱིན་པ་ཚུལ་ཁྲིམས་ཀྱིས་དགའ་སྤྲོའི་ངང་བཤད་རྒྱུར། “ང་ཚོའི་སྡེ་བའི་ཐུན་མོང་སྒོ་རྩིས་ཚོང་ཁང་དུ་ཚོང་རྫས་མང་ལ་རྒྱུ་སྤུས་བཟང་ཞིང་རིན་གོང་བདེ། རྒྱུ་སྤུས་དང་རིན་གོང་སོགས་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེན་མོ་དག་དང་འདྲ་མཚུངས་ཡིན། སྡེ་བའི་ཕྱི་ལ་འགྲོ་མི་དགོས་པར་སེམས་བདེ་མོའི་ངང་སྤུས་ལེགས་པའི་ཚོང་རྫས་ཉོ་ཐུབ་པས་ཧ་ཅང་སྟབས་བདེ་རེད”ཟེར།
བདེ་སྐྱིད་དབང་མོས་བཤད་རྒྱུར། “ངེད་བཟའ་ཟླ་གཉིས་ཀྱིས་འདི་རུ་ལས་ཀ་ལས་བཞིན་ཡོད། སྒོ་རྩིས་ཚོང་ཁང་གི་ཚོང་ཧ་ཅང་བཟང་། ལོ་གཅིག་ལ་སྒོར་འབུམ་གཅིག་དང་ཁྲི་བརྒྱད་ཙམ་གྱི་ཚོང་རྫས་བཙོང་ཐུབ་ཟེར། ཁོ་མོས་ཚོང་ཁང་འདི་རུ་ལོ་བཞིའི་རིང་ལ་ལས་ཀ་གཉེར་བ་དང་། བཟའ་ཟླ་གཉིས་ཀྱི་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་བདུན་ཡིན་པས་ཁོ་གཉིས་ཀྱིས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད།
མཚོ་སྟོད་སྡེ་བ་ནི་ཡུས་ཧྲུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ60ཡི་སར་ཡོད་པ་དང་། ཁྱིམ་ཚང་རྣམས་ཐར་ཐོར་དུ་གནས་པས་དུས་རྒྱུན་དུ་མཁོ་བའི་ཚོང་རྫས་ཧ་ཅང་ཉོ་དཀའ། འཚོ་བའི་མཁོ་ཆས་མང་པོ་ཞིག་ངེས་པར་དུ་རླངས་འཁོར་ལ་བསྡད་ནས་གྲོང་ཁྱེར་དུ་ཉོ་རུ་འགྲོ་དགོས། མང་ཚོགས་ལ་མཁོ་ཆས་ཉོ་བར་སྟབས་བདེ་བཟོ་ཆེད། 2018ལོར། མཚོ་སྟོད་སྡེ་བས་ཐུན་མོང་དཔལ་འབྱོར་གྱི་ལས་གཞིར་བརྟེན་ནས་སྡེ་བའི་ནང་དུ་སྒོ་རྩིས་ཚོང་ཁང་གཉེར་བ་དང་། སྡེ་བ་དེའི་ཧྲེ4ཡི་མི1700ཙམ་ལ་ཞབས་ཞུ་སྒྲུབ་བཞིན་ཡོད། འདི་ནི་རོང་པོ་གྲོང་རྡལ་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དངོས་གཞིའི་ཁེ་ལས་ཐོག་མ་ཡིན་ལ། གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་བཏང་བའི་གྲུབ་འབྲས་གལ་ཆེན་ཀྱང་ཡིན། ཚོང་ཁང་དེ་གཉེར་བ་ལས་སྡེ་མི་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བཟོས་པར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་འཕེལ་ཤུགས་བསྩལ།
མཚོ་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བྱམས་པ་དགེ་ལེགས་ཀྱིས་བཤད་རྒྱུར། “ང་ཚོས་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞིའི་འཛུགས་སྐྲུན་གྱི་མ་དངུལ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་གཏོང་བར་བཏང་བའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཡིས་སྨི་གྲུ་བཞི་མ430ཅན་གྱི་གཉེན་སྟོན་བྱེད་སའི་ཚོམས་ཆེན་ཞིག་འཛུགས་སྐྲུན་བྱས་ནས། གཉེན་སྟོན་སོགས་ཀྱི་བྱེད་ནུས་སྔར་ལས་འཐུས་ཚང་དུ་བཏང་། མཚོ་སྟོད་སྡེ་བའི་དོན་དངོས་ལ་གཞིགས་ནས། སྡེ་བའི་སྣ་འཛོམས་ཉོ་འཚོང་སྒོ་རྩིས་ཚོང་ཁང་དེ་ལས་སྐྲུན་དང་ཉོ་འཚོང་། གཉེན་སྟོན་ཞབས་ཞུ། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་དམངས་ཕན་སྣ་འཛོམས་ཉོ་འཚོང་ལྟེ་གནས་ཤིག་ཏུ་བསྐྲུན་པར་སྟོབས་ཤུགས་འདོན་རྒྱུ་ཡིན། ལྟེ་གནས་དེ་གྲུབ་རྗེས། གཅིག་སྡུད་བཀོད་སྒྲིག་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་དགོས་མཁོ་སྐོང་བར་སྟབས་བདེ་བཟོ་ཐུབ་པར་མ་ཟད། མཐའ་འཁོར་སྡེ་བ་དང་ལམ་འགྲོ་བའི་འགྲུལ་བ་རྣམས་ཀྱང་འགུག་ཐུབ། དེ་ལས་གཞན་ལས་སྐྲུན་བྱེད་འདོད་ཆེ་བའི་ཕ་ཡུལ་དུ་ལོག་པའི་སློབ་མ་རྣམས་ལའང་ལས་སྐྲུན་གྱི་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ཐུབ”ཟེར།
རྒྱལ་ལམ215པའི་ལམ་འགྲམ་དུ། སོ་ཕག་དམར་པོ་དང་སེར་པོ་ཡིས་གྲུབ་པའི་ཁང་ཤར་རེ་རེ་མིག་ལམ་དུ་མངོན། དེ་ནི་རོང་པོ་གྲོང་རྡལ་གྱི་ཕྱུགས་ལས་ཐོན་ལས་རྟེན་གཞི་རེད། ཚོང་ཁང་གི་སྒོ་ཁ་རུ་རྐྱང་ཆེན་སྡེ་བའི་སྡེ་མི་ཁྱུང་ཡག་གིས་ལག་ཏུ་ཕྱགས་མ་བཟུང་ནས་ཐང་འཕྱག་བཞིན་འདུག ཁྱུང་ཡག་གིས་བཤད་རྒྱུར། “ང་ཚོས་ཟླ་བ་རྗེས་མར་དངོས་སུ་སྒོ་ཕྱེ་རྒྱུ་ཡིན། ངས་སྐམས་ལུག་གི་ཤ་བཙོང་སའི་ཚོང་ཁང་ཞིག་ཕྱེ་རྩིས་ཡོད། ཉིན་འདི་འགར་ཟོང་སྒྲོམ་ལས་གཞིན་པའི་སྒང་ཡིན”ཟེར། རྒྱུས་ལོན་བྱུང་བ་ལྟར་ན། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པར་སྣེ་ཁྲིད་བྱེད་པ་དང་འབྲོག་པ་མང་ཚོགས་ཀྱི་བརྩོན་སེམས་ལ་སྐུལ་སློང་བྱེད་ཆེད། རོང་པོ་གྲོང་རྡལ་གྱིས་ཕྱུགས་ལས་ཐོན་ལས་རྟེན་གཞིའི་སྲང་ལམ་གྱི་ཚོང་ཁང་ཁང་མིག42ཟླ་གསུམ་གྱི་རིང་ལ་ཁང་གླ་མེད་པར་བཏང་། མིག་སྔར་ཁང་མིག36གླས་ཟིན་ལ། དེ་དག་ཟ་ཁང་དང་སྒོ་རྩིས་ཚོང་ཁང་སོགས་འབྲོག་པ་མང་ཚོགས་ཀྱིས་རང་མོས་ལྟར་ལས་སྐྲུན་བྱས་ཏེ་སྲང་ལམ་གྱི་ཚོང་ཁང་རྣམས་སྔར་ལས་ཕུན་ཚོགས་སུ་བཏང་ཡོད།
གྲོང་གསེབ་དར་སྤེལ་གྱི་ལམ་ཁ་རུ་སྡེ་བ་གཅིག་ཀྱང་མི་བསྐྱུར། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུང་ཐོར་གཉོམ་གསུམ་གྱི་གནད་དོན་སེལ་ཆེད། རོང་པོ་གྲོང་རྡལ་གྱི་མ་དངུལ་གྱི་ཐོན་ཁུངས་སྣ་ཚོགས་མཉམ་སྡེབ་གང་ལེགས་བྱས་པ་དང་། ཕྱུགས་ལས་མཉམ་ལས་ཁང་ལ་གང་ལེགས་ཀྱིས་དཔེ་བལྟ་བྱས་པའི་རྨང་གཞིའི་སྟེང་། མཚོ་སྨད་སྡེ་བ་དང་མཚོ་བཟང་སྡེ་བ། བདེ་ཆེན་སྡེ་བ་སོགས་སྡེ་བ6གིས་བདེ་ཆེན་སྡེ་བ་རུ་སྨི་གྲུ་བཞི་མ3360ཅན་གྱི་རོང་པོ་གྲོང་རྡལ་ཕྱུགས་ལས་ཐོན་ལས་རྟེན་གཞི་ཞིག་བཙུགས་ཡོད། འོ་མ་དང་ཤའི་ཐོན་རྫས་ལས་སྣོན་བྱེད་པ་དང་། ཉོ་འཚོང་ཟོང་སྐྱེལ། ལས་སྐྲུན་ལས་ཞུགས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཐོན་སྐྱེད་ཉོ་འཚོང་ཟོང་སྐྱེལ་ལྟེ་གནས་ཤིག་བསྐྲུན་པར་སྟོབས་ཤུགས་བཏོན་ནས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྩིས་ཡོད།
“རོང་པོ་གྲོང་རྡལ་ཕྱུགས་ལས་ཐོན་ལས་རྟེན་གཞི་ནི་རོང་པོ་གྲོང་རྡལ་གྱིས་གྲོང་གསེབ་དར་སྤེལ་བྱས་པའི་གྲུབ་འབྲས་གལ་ཆེན་ཡིན་ལ། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་རིག་ལམ་གསར་པ་བཏོད་དེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིངས་པ་ཡིན”ཞེས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་སྐོར་གླེང་སྐབས། རོང་པོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དགེ་ལེགས་རིན་ཆེན་གྱིས་ཡིད་ཆེས་ཆེན་པོས་དེ་ལྟར་བཤད་ཅིང་། དེར་མཐུད་ནས། རོང་པོ་གྲོང་རྡལ་གྱིས་གནས་ཡུལ་གྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་རང་སྤུས་ལ་བརྟེན་ནས། ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། རྣམ་པ་མང་པོ་དང་ཐབས་ལམ་མང་པོ། རིམ་པ་མང་པོ་ནས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་བསྟུད་མར་ཇེ་ལེགས་ཇེ་རྒྱས་སུ་གཏོང་བ་དང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་པ་འབྲི་རྒྱུ་རེད།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།