སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་དགོས་”ཞེས་བསྟན་ཡོད། འདིས་དུས་རབས་གསར་པར་སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ལས་དོན་ཡག་པོར་བསྒྲུབ་པའི་ཐད་བླང་བྱ་གསལ་པོ་བཏོན་ཡོད།
སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ནི་སྤྱི་པའི་འཕྲོད་བསྟེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་དམངས་ཚིས་གནད་དོན་གལ་ཆེན་དང་སྤྱི་ཚོགས་ཀྱི་གནད་དོན་མངོན་གསལ་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ལས་དོན་དེ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཁྱབ་ཁོངས་ཁྲོད་བཞག་ནས། རྒྱལ་ཁབ་ཀྱི་སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་འགོག་བཅོས་ལྟེ་གནས་བཙུགས་པ་དང་། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཚོད་ལྟ་སྤེལ་བ། མི་ཚོགས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་རྣམ་པ་དང་བྱ་བའི་རྐྱེན་སྲོལ་འཚོལ་ཞིབ་བྱས་ཡོད། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ལས་དོན་ནི་བརྒྱུད་རིམ་ལྡན་པའི་བཟོ་འགོད་ཅིག་ཡིན་པས། སྤྱི་དམངས་ཀྱི་ངོས་འཛིན་དང་། རྨང་གཞིའི་སློབ་གསོ། སྤྱི་ཚོགས་ཀྱི་སེམས་ཁམས། ནད་པ་སྐྱོབ་བཅོས། སྡེ་ཁུལ་གྱི་ཁམས་གསོ། ཞབས་ཞུ་དོ་དམ། རོགས་སྐྱོབ་འགན་ལེན་སོགས་བརྒྱུད་རིམ་ཧྲིལ་པོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་གྱི་དགོས་མཁོ་དང་འཚམ་པར་བྱེད་དགོས།
སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་གྱི་སྤྱི་ཚོགས་ཀྱི་ཤེས་རྟོགས་ཆུ་ཚད་མཐོ་རུ་གཏོང་དགོས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། འཚོ་བའི་གོམ་འགྲོས་མངོན་གསལ་གྱིས་ཇེ་མགྱོགས་སུ་སོང་བ་དང་། སེམས་ཁམས་ཀྱི་གནོན་ཤུགས་ཉིན་བཞིན་ཇེ་ཆེར་སོང་སྟེ། སེམས་འཚིག་ནད་དང་ཡི་མུག་ནད་སོགས་རྒྱུན་མཐོང་གི་བསམ་པའི་འགལ་རྐྱེན་དང་སེམས་ཁམས་ཀྱི་འགྱུར་བའི་གནད་དོན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སེམས་ཁམས་ཕོག་ཐུག་གི་དོན་རྐྱེན་དང་བསམ་པའི་འགལ་རྐྱེན་གྱི་ནད་ཕོག་མཁན་གྱིས་དོན་རྐྱེན་བསླངས་པའི་གྱོད་གཞི་ཡང་མཚམས་ལར་འབྱུང་བཞིན་ཡོད། རྒན་པའི་ཧོན་ལོག་ནད་དང་བྱིས་པའི་ཁེར་འདུག་ནད་སོགས་དམིགས་བསལ་མི་ཚོགས་ཀྱི་ནད་རིགས་ལ་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་ཆེན་པོ་ཐོབ་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སེམས་ཁམས་ཀྱི་འགྱུར་བའི་གནད་དོན་དེ་འཛམ་གླིང་ཡོངས་སུ་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཞེས་བསྟན་ཡོད། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་གྱི་གནད་དོན་མང་ཆེ་བ་ནི་རང་གིས་རང་ལ་སྙོམས་སྒྲིག་དང་། ཁྱིམ་ཚང་གིས་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞི་ལྷོད་དུ་གཏོང་ཆོག་པར་མ་ཟད། སྤྱི་ཚོགས་ཀྱི་སེམས་ཁམས་ཀྱི་རྒྱབ་སྐྱོར་དང་ཁྲིད་སྟོན་སོགས་ཀྱི་རོགས་རམ་ཡང་བྱེད་དགོས་པ་དང་། ཚབས་ཆེ་བའི་རིགས་ལ་ཆེད་ལས་སྨན་བཅོས་དང་ལེན་བྱེད་དགོས། བསམ་པའི་འཕྲོད་བསྟེན་ལས་དོན་གྱི་ཆ་རྐྱེན་འཛོམ་པའི་རྒྱལ་ཁབ་དང་ས་ཁུལ་ཁག་གཅིག་དང་བསྡུར་ཚེ་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་བསམ་པའི་འཕྲོད་བསྟེན་འདུ་ཤེས་དང་ཤེས་བྱ་ཡོངས་ཁྱབ་ཏུ་མི་འདང་བ་དང་། ཕྱོགས་རིས་དང་མཐོང་ཆུང་གི་རྣམ་པ་ཡོངས་ཁྱབ་ཏུ་གནས་པ། ནད་གསང་ནས་སྨན་བཅོས་མི་བྱེད་པ་མང་བ། ཚན་རིག་དང་མཐུན་པའི་ངང་སྨན་བཅོས་བྱེད་པ་ཉུང་བ། ལྷག་པར་དུ་སེམས་འཚིག་ནད་དང་ཡི་མུག་ནད་སོགས་རྒྱུན་མཐོང་གི་བསམ་པའི་འགལ་རྐྱེན་དང་སེམས་ཁམས་ཀྱི་འགྱུར་བའི་གནད་དོན་ཤེས་རྟོགས་བྱེད་ཚད་དམའ་བ་དང་། བརྟག་བཅོས་བྱེད་ཚད་དམའ་བ། ཡོ་བསྲང་བྱེད་ཚད10%ཡང་ཟིན་གྱིན་མེད་པ་བཅས་རེད།
སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ཞབས་ཞུའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་ཇེ་ལེགས་སུ་གཏོང་དགོས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ ཁྱབ་བསྒྲགས་བྱས་པའི་འཕྲོད་བསྟེན་བསྡོམས་རྩིས་གཞི་གྲངས་ལྟར་ན། རང་རྒྱལ་གྱི་ཆེད་ལས་བསམ་པའི་འཕྲོད་བསྟེན་སྒྲིག་གཞིའི་གྲངས་འབོར་དེ2010ལོའི1650ནས་2020ལོའི5936བར་ཇེ་མང་དུ་སོང་བ་དང་། སེམས་ཁམས་ནད་རིགས་གསོ་བཅོས་ཚན་ཁག་གི་ནད་པའི་མལ་ཁྲི་དེ་འབུམ་གཉིས་ཁྲི་གཉིས་ནས་འབུམ་བདུན་ཁྲི་དགུ་སྟོང་བརྒྱད་བར་ཇེ་མང་དུ་སོང་བ། ལས་གཉེར་སྨན་པ་དཀའ་བཅུ་པ་ཁྲི་གཉིས་ནས་ཁྲི་ལྔ་བར་ཇེ་མང་དུ་སོང་བ། སྒྲིག་གཞི་དང་མི་སྣ་ཚང་མ་ཆེས་ཆེར་ཇེ་མང་དུ་སོང་ཡོད་མོད། འོན་ཀྱང་ཐོན་ཁུངས་གྲུབ་ཆའི་ཁྱབ་ཚུལ་དང་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཐད་སྔར་བཞིན་མངོན་གསལ་དོད་པའི་གནད་དོན་བཞི་གནས་ཡོད། གཅིག་ནི་ཁྱབ་ཚུལ་དོ་སྙོམས་མིན་པ་སྟེ། ཤར་རྒྱུད་ས་ཁུལ་ལ་རྒྱལ་ཡོངས་ཀྱི50%ཡི་བསམ་པའི་འཕྲོད་བསྟེན་ཐོན་ཁུངས་ཡོད་པ་དང་། དབུས་ནུབ་རྒྱུད་ཀྱི་ས་ཁུལ་དང་གྲོང་ཁྱེར། ཆུས་དང་རྫོང་ཁག་གཅིག་ལ་བསམ་པའི་འཕྲོད་བསྟེན་གྱི་ནད་པའི་མལ་ཁྲི་དང་སྒོ་བསྟེན་ཁང་མེད་པ་རེད། གཉིས་ནི་ཆུ་ཚད་མི་མཐོ་བ་སྟེ། བསམ་པའི་འཕྲོད་བསྟེན་སྒྲིག་གཞིའི་སྨན་བཅོས་སྒྲིག་ཆས་དང་། འཇོན་མིའི་སྟོབས་ཤུགས་ཡོངས་ཁྱབ་ཏུ་ཞན་པ། བྱེད་ནུས་བཀོད་སྒྲིག་མི་འདང་བ་བཅས་ཀྱིས་ནད་པར་སྨན་བཅོས་བྱེད་པའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད། ལྷག་པར་དུ་སེམས་ཁམས་ནད་རིགས་གསོ་བཅོས་དང་སེམས་ཁམས་བློ་འདྲིའི་ཞབས་ཞུའི་ནུས་པ་ཞན་པ་དང་གཞི་རིམ་མི་སྣའི་སེམས་ཁམས་བདེ་ཐང་གི་ཤེས་བྱ་དང་སེམས་ཁམས་ཀྱི་ཉམས་ཉེན་ལ་ཐེ་ཇུས་བྱེད་པའི་རྩལ་ནུས་མི་འདང་བར་བརྟེན། འཐུས་སྒོ་ཚང་བའི་སེམས་ཁམས་བདེ་ཐང་གི་ཞབས་ཞུའི་དྲ་བ་དང་གཞི་རིམ་གྱི་སེམས་ཁམས་བདེ་ཐང་གི་ཞབས་ཞུའི་ལས་སྟེགས་ཤིག་ཆགས་མེད་པ་རེད། གསུམ་ནི་ལམ་ལུགས་འཐུས་ཚང་མིན་པ་སྟེ། ཚབས་ཆེ་བའི་སེམས་ཁམས་ཀྱི་ནད་རིགས་དོ་དམ་དེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཁྲོད་བཅུག་རྗེས། རྒྱལ་ཡོངས་ཀྱི་བསམ་པའི་འགལ་རྐྱེན་གྱི་ནད་ཚབས་ཆེན་ཕོག་མཁན་གྱི་གྲངས་འབོར་མགྱོགས་མྱུར་ངང་ཇེ་མང་དུ་སོང་བ་དང་། རང་རྒྱལ་གྱི་བསམ་པའི་འགལ་རྐྱེན་གྱི་ནད་ཚབས་ཆེན་གྱི་ཚད་གཞིའི་དོ་དམ་བྱེད་ཚད་དང་། བཅར་འདྲི་བྱེད་ཚད། སྨན་བཅོས་བྱེད་ཚད་བཅས་ཚང་མ་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་བརྒལ་བའམ་ཡང་ན་འདྲ་མཚུངས་ཡིན་མོད། འོན་ཀྱང་སྡེ་ཁུལ་གྱི་ཁམས་གསོའི་ཐོན་ཁུངས་མི་འདང་བ་དང་འགན་སྲུང་ཆུ་ཚད་དམའ་བ་སོགས་ཀྱི་དབང་གིས་སྤྱི་ཚོགས་ཀྱི་ཁམས་གསོའི་ཆུ་ཚད་དང་སྨན་ཁང་ཕྱིའི་སྨན་བཅོས་ཀྱི་ཕན་འབྲས་ལ་ད་དུང་བར་ཁྱད་མངོན་གསལ་ཡོད་པ་རེད། བཞི་ནི་ལྟ་སྐུལ་དོ་དམ་བྱེད་ཤུགས་མི་འདང་བ་སྟེ། མིག་སྔར་སེམས་ཁམས་བདེ་ཐང་གི་ཞབས་ཞུ་དེ་གཙོ་བོ་སྨན་བཅོས་མ་ཡིན་པའི་འཕྲོད་བསྟེན་སྒྲིག་གཞིས་འདོན་སྤྲོད་བྱས་པ་ཞིག་ཡིན་ཞིང་། ཐོ་འགོད་བྱས་པ་བརྒྱུད་ནས་ཞབས་ཞུ་སྤེལ་ཆོག་པ་དང་། འབྲེལ་ཡོད་ལས་གཉེར་མི་སྣ་འགའ་ཞིག་ལ་ཐ་ན་ཆེད་ལས་ཀྱི་རྒྱབ་ལྗོངས་མེད་པས་ཞབས་ཞུའི་ནུས་པ་ཞན་པར་མ་ཟད། བཟང་ངན་མཉམ་འདུས་ཡིན་པ་རེད། རྒྱལ་ཁབ་ཀྱི་ངོས་ཐད་ནས་བརྗོད་ན་སེམས་ཁམས་བདེ་ཐང་ཞབས་ཞུའི་སྒྲིག་གཞི་དང་དེ་བཞིན་མི་སྣ་ཚད་ལྡན་ངང་དོ་དམ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ལས་རིགས་ཀྱི་ཚད་གཞི་ད་དུང་མི་འདང་བ་དང་། སྒྲིག་གཞི་བཀོད་སྒྲིག་གི་ཚད་གཞི་དང་། མི་སྣ་ཐོ་འགོད་དོ་དམ། ལྟ་སྐུལ་དོ་དམ་གྱི་འགན་ནུས་སོགས་དེ་འདྲ་གསལ་པོ་མིན་པ། ཞབས་ཞུའི་བདེ་འཇགས་དང་ཞབས་ཞུའི་སྤུས་ཚད་འགན་ལེན་བྱེད་དཀའ་བས། ཕྱོགས་བསྡུས་རང་བཞིན་དང་མ་ལག་རང་བཞིན་གྱི་བཅོས་སྒྱུར་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་རེད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།