དྲི་བ་དོན་བདུན། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད།   འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་དོན་ཅི་ཡིན་ནམ།
2023.05.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གྲོན་ཆུང་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བསྟན་ཡོད། འདི་ནི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱེད་པའི་ལས་དོན་ལ་སྤྱི་འདོམས་དང་ལེགས་པོར་སྒྲུབ་པར་བཏོན་པའི་བླང་བྱ་གསལ་པོ་ཞིག་ཡིན་ལ། “ཐཱན་གཉིས”གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་དང་ལས་འགན་གཙོ་བོ་ཞིག་ཀྱང་ཡིན།

རང་རྒྱལ་གྱིས2030ལོའི་སྔོན་དུ་དབྱང་གཉིས་ཐཱན་འགྱུར་འབུད་གཏོང་མཐོ་ཤོས་སུ་སླེབས་པར་བརྩོན་ལེན་བྱས་ནས། 2060ལོའི་སྔོན་དུ་ཐཱན་སྙོམ་སྦྱོར་མངོན་འགྱུར་ཡོང་བར་བརྩོན་ལེན་ཧུར་ཐག་བྱེད་ཀྱིན་ཡོད།  འདི་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ནས་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཆོད་གལ་ཆེན་ཞིག་ཡིན། “ཐཱན་གཉིས་”ཀྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་གནས་བླང་བྱ་ཡིན་པས།  གཞན་གྱིས་ང་ཚོར་བསྒྲུབ་ཏུ་འཇུག་པ་མ་ཡིན་པར་ང་ཚོ་རང་ཉིད་ཀྱིས་ངེས་པར་དུ་བསྒྲུབ་དགོས། རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས།  “ཐཱན་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཐེབས་པའི་འབུར་ཐོན་གནད་དོན་ཐག་གཅོད་དང་། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན་ལ།  ལག་རྩལ་ཡར་ཐོན་གྱི་ཁ་ཕྱོགས་དང་བསྟུན་པ་དང་དཔལ་འབྱོར་གྲུབ་ཚུལ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན་པ། མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན་པ། རང་འགུལ་ངང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན་པ་རེད།  ང་ཚོས“ཐཱན་གཉིས”ཀྱི་ལས་དོན་ཡག་པོར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ།  བློ་བརྟན་འགྱུར་མེད་སྒོས“ཐཱན་གཉིས”ཀྱི་དམིགས་འབེན་ལས་འགན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས།

ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རང་རྒྱལ་གྱི་རྡོ་སོལ་མང་བ་དང་། རྡོ་སྣུམ་དཀོན་པ། སོལ་རླངས་ཉུང་བ་བཅས་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་རྐང་ཚུགས་དགོས། 2021ལོར་རང་རྒྱལ་གྱི་ནུས་ཁུངས་འཛད་སྤྱོད་ཐེངས་གཅིག་ཁྲོད་ཀྱི་འགྱུར་རྡོའི་ནུས་ཁུངས་ཀྱིས83.4%ཙམ་ཟིན་པ་དེའི་ནང་རྡོ་སོལ་གྱིས་སྔར་བཞིན་56%ཟིན་ཡོད་པས།  འདི་ནི་དོན་དངོས་ཆེན་པོ་ཞིག་རེད། གལ་ཏེ་སྲོལ་རྒྱུན་གྱི་ནུས་ཁུངས་རིམ་བཞིན་མེད་པར་བཟོ་བ་དེ་ནུས་ཁུངས་གསར་པའི་བདེ་འཇགས་ཉེན་མེད་ཀྱི་ཚབ་བྱེད་རྨང་གཞིའི་ཐོག་བཙུགས་པ་མིན་ཚེ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ལ་ཕོག་ཐུག་གཏོང་སྲིད། ངེས་པར་དུ་སྔོན་འཛུགས་རྗེས་གཏོར་རྒྱུན་འཁྱོངས་བྱས་ཏེ།  ཕྱོགས་གཅིག་ནས་རྡོ་སོལ་སྦགས་མེད་ཆོད་ཆེའི་སྒོ་ནས་བེད་སྤྱོད་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་ནུས་ཁུངས་གསར་པ་དང་ནུས་ཁུངས་གཙང་མ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  ནུས་ཁུངས་གསར་བ་གསར་སྤེལ་མ་བྱས་སྔོན་དུ་རང་ཉིད་ཀྱི་ནུས་ཁུངས་འདོར་མི་རུང་།   དུས་མཚུངས་སུ།  རང་རྒྱལ་དུ་ལོ་མང་པོའི་རིང་ཆགས་པའི་ཐོན་ལས་གྲུབ་ཚུལ་ལ་ནུས་ཁུངས་ཟད་གྲོན་ཆེ་བ་དང་། ཐཱན་འབུད་ཚད་མཐོ་བའི་ཁྱད་ཆོས་ལྡན་པ། ནུས་ཁུངས་ཟད་གྲོན་ཆེ་བའི་བཟོ་ལས་དང་ལྷག་པར་དུ་ལྗིད་པའི་རྫས་འགྱུར་བཟོ་ལས་ཀྱི་བསྡུར་ཚད་ཅུང་མཐོ་བ་རེད།  འབུད་གཏོང་གི་ཚད་མཐོ་བ་དང་སྦགས་བཙོག་ཆེ་བའི་འཕར་སྣོན་ནི་ང་ཚོར་མཁོ་བའི་འཕེལ་རྒྱས་མིན་ལ། དེ་ལས་ལྡོག་སྟེ་ཡུན་རིང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་སྲིད།  གཞི་རྩའི་ཐོག་ནས་གནད་དོན་འདི་ཐག་གཅོད་བྱེད་པར་དཔལ་འབྱོར་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་ཚད་ཆེས་ཆེར་ཇེ་མཐོར་བཏང་ནས། འཕེལ་རྒྱས་ཀྱི་ཐོན་ཁུངས་ཁོར་ཡུག་གི་རིན་དོད་ནུས་ལྡན་ངང་ཇེ་དམའ་རུ་གཏོང་དགོས།

ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ངེས་པར་དུ་འབྲེལ་བ་བཞི་ཐག་གཅོད་ཡག་པོ་བྱ་རྒྱུར་དོ་སྣང་བྱེད་དགོས།  གཅིག་ནི་འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་གི་འབྲེལ་བ་ཡིན་པ་སྟེ།  བཙོག་འབུད་ཉུང་གཏོང་ནི་ཐོན་སྐྱེད་ནུས་ཤུགས་ཇེ་ཆུང་དུ་གཏོང་བ་མིན་ལ་འབུད་གཏོང་མི་བྱེད་པ་ཡང་མིན་པར། དཔལ་འབྱོར་འཕེལ་རྒྱས་ཁྲོད་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཕྱོགས་སྒྱུར་ཁྲོད་འཕེལ་རྒྱས་སྔར་ལས་ཆེ་བ་མངོན་འགྱུར་བྱེད་པ་དེ་ཡིན།    དེ་དང་ཆབས་ཅིག་ཐཱན་ཇེ་ཉུང་དུ་གཏོང་བར་ནུས་ཁུངས་བདེ་འཇགས་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས། འབྲུ་རིགས་བདེ་འཇགས་བཅས་ལ་འགན་ལེན་བྱས་ནས།  མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱེད་དགོས།   གཉིས་ནི་སྤྱི་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བ་ཡིན་པ་སྟེ། རྒྱལ་ཡོངས་བསམ་བཀོད་གཅིག་ལྟ་བུའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས་ལ།  ས་ཁོངས་ཀྱི་ཐོན་ཁུངས་ཁྱབ་ཚུལ་དང་ཐོན་ལས་ལས་བགོས་ཀྱི་ཕྱི་རོལ་ཡུལ་གྱི་དོན་དངོས་ལའང་བསམ་གཞིགས་གང་ལེགས་བྱེད་དགོས། ས་གནས་སོ་སོའི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཕྱོགས་དང“ཐཱན་གཉིས་”ཀྱི་བྱ་སྤྱོད་ཇུས་གཞིར་ཞིབ་འཇུག་གཏན་འབེབས་བྱེད་དགོས་པ་ལས།   གོམ་པ་མཉམ་སྤོ་དང“གཅིག་དཔེ་བརྒྱ་འགེབས”བྱེད་མི་རུང་།   གསུམ་ནི་ཡུན་རིང་གི་དམིགས་འབེན་དང་ཡུན་ཐུང་གི་དམིགས་འབེན་བར་གྱི་འབྲེལ་བ་ཡིན་པ་སྟེ།  དེང་སྐབས་ལ་གཞི་ཚུགས་པ་དང་ཏན་ཏན་ཏིག་ཏིག་གིས་བྱེ་བྲག་གི་གནད་དོན་ཐག་གཅོད་བྱས་ཏེ།  གྲུབ་འབྲས་ཆུང་ཆུང་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་བྱེད་པ་དང་།  ཕུགས་ལ་དམིགས་ཏེ་ཁེ་ཐུང་ཧུར་གཉེར་དང་འཕྲལ་མར་འགྲུབ་རེ་བྱེད་པའི་བསམ་བློ་ཁྱད་བསད་བྱས་ནས།  ཐཱན་ཉུང་གཏོང་གི་གོམ་སྟབས་དང་ཤུགས་ཚད་སྟངས་འཛིན་ཡག་པོ་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་། གོམ་པ་རིམ་སྤོ། རྒྱུན་མཐུད་ངང་ནུས་ཤུགས་འདོན་པ་བཅས་བྱེད་དགོས།  བཞི་ནི་སྲིད་གཞུང་དང་ཁྲོམ་རའི་བར་གྱི་འབྲེལ་བ་ཡིན་པ་སྟེ།  ཕྱོགས་གཉིས་ནས་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ནས།   ནུས་ཡོད་ཀྱི་སྲིད་གཞུང་དང་ནུས་ལྡན་གྱི་ཁྲོམ་ར་སྔར་ལས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ་དང་།  “ཐཱན་གཉིས”ལས་དོན་གྱི་སྐུལ་ལྕག་ཚོད་འཛིན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

ཐན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ངེས་པར་དུ་མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས། “ཐཱན་གཉིས”ཀྱི་ལས་དོན་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཞག་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ལམ་ལུགས་བཀོད་སྒྲིག་དང་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་། དམིགས་འབེན་མང་པོའི་ཁྲོད་དུ་འགུལ་རྣམ་དོ་མཉམ་ཡོང་བར་འཚོལ་ཞིབ་བྱས་ཏེ།  གཅིག་གྱུར་གྱིས་འཆར་འགོད་དང་། གཅིག་གྱུར་གྱིས་བཀོད་སྒྲིག  གཅིག་གྱུར་གྱིས་སྐུལ་སྤེལ།  གཅིག་གྱུར་གྱིས་དཔྱད་ཞིབ་བཅས་བྱེད་དགོས།  “ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྒུག་མི་རུང་ལ་བྲེལ་ཡང་མི་རུང་། ཐབས་ཇུས་ཐད་བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ཏེ།  སྣོན་འཕྲིའི་བྱེད་ཐབས་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱེད་དགོས། བྱ་སྤྱོད་སྟེང་ནས་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་གཏོང་བ་དང་ངེས་ཤུགས་སྲུང་འཛིན་བྱེད་པར་གཡོ་འགུལ་མི་གཏོང་བ་བྱེད་དགོས། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་ནི་འཕྲི་ཐབས་ཡིན་ལ། ལྗང་མདོག་རྒྱ་བསྐྱེད་དང་འཕར་སྣོན་ནི་སྣོན་ཐབས་ཡིན། “ཐཱན་ཉུང་གཏོང”གིས་འབྱུང་རྩ་ནས་སྦགས་བཙོག་དངོས་པོ་འབུད་གཏོང་ཇེ་ཉུང་དུ་གཏོང་ཐུབ་པ་དང་།  “སྦགས་བཙོག་ཉུང་གཏོང”གིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་མཐོར་གཏོང་ཐུབ། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་བྱས་ན།  ཐཱན་མཐོའི་དཔལ་འབྱོར་ཇེ་དམའ་རུ་གཏོང་བ་དང་།   “ ཁྲིམས་འགལ་གྱི་དཔལ་འབྱོར་སྣང་ཚུལ”  ཇེ་ཉུང་དུ་གཏོང་བ།     ཐཱན་ཉུང་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། མཛེས་སྡུག་དཔལ་འབྱོར་བཅས་ཇེ་མང་དུ་གཏོང་བ་བཅས་བྱེད་ཐུབ།   “ལྗང་མདོག་རྒྱ་སྐྱེད”ཀྱིས་ཐཱན་སྡུད་ནུས་པ་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་བཏང་སྟེ།  ཁོར་ཡུག་གི་ཤོང་ཚད་སྔར་ལས་རྒྱ་སྐྱེད་ཐུབ།   “འཕར་སྣོན”ཞེས་པ་དེ་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་རྨང་གཞིའི་ཐོག་བཙུགས་ཚེ།  གཞི་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ནུས་ལྡན་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་ཐུབ་པར་བྱས་ཏེ།  སྤུས་ཚད་སྔར་ལས་མཐོ་བ་དང་། ཕན་འབྲས་སྔར་ལས་ཆེ་བ། སྔར་ལས་དྲང་གཞག སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།