སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་བརྒྱུད་རིམ་གཙོ་བོ་ཡིན”ཞེས་བསྟན་ཡོད། དེ་ནི་འཕེལ་རྒྱས་གཏོང་སྟངས་ཇེ་མགྱོགས་སུ་གཏོང་བའི་ལྗང་མདོག་ཕྱོགས་སྒྱུར་གྱི་འཐབ་ཇུས་བཀོད་སྒྲིག་དང་། དེ་མིན་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་འཛུགས་པའི་ཐད་ཀྱི་བརྡར་ཤ་གལ་ཆེན་ཞིག་ཡིན་པས། གཤམ་གསལ་གྱི་ཕྱོགས་བཞིའི་ཐད་ནས་གོ་བ་བླངས་ཆོག
དང་པོ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་དོན་སྙིང་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ལྗང་མདོག་འཕེལ་རྒྱས་དེ་ཡོངས་ཁྱབ་རྣམ་པའི་འཕེལ་རྒྱས་སུ་བཏང་བ་ཞིག་རེད། རང་རྒྱལ་ནི་མི་གྲངས་དུང་ཕྱུར་14ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ཐོན་ཁུངས་དང་ནུས་ཁུངས་ཀྱི་ཚོད་འཛིན་ཐེབས་པ་དང་། ཁོར་ཡུག་གི་ཤོང་ཚད་ཚད་ཡོད་པ། སྐྱེ་ཁམས་མ་ལག་ཉམས་ཞན་ཡིན་པ་བཅས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་རེད། སྤྱི་ཡོངས་ནས་དེང་རབས་ཅན་དུ་བསྐྱོད་དགོས་ན། ནུས་ཁུངས་ཟད་གྲོན་ཆེ་བ་དང་། སྦགས་བཙོག་ཆེ་བ། བཙོག་འབུད་བྱེད་ཚད་མཐོ་བ་བཅས་ཀྱི་མ་དཔེ་ནི་ལག་བསྟར་བྱེད་ཐབས་བྲལ་བ་ཞིག་རེད། རང་རྒྱལ་གྱི་ད་ཡོད་ཐོན་ལས་གྲུབ་ཚུལ“ལྕི་མོ”དང་ནུས་ཁུངས་གྲུབ་ཚུལ“རྡོ་སོལ”ཅུང་མང་བ་མ་ཟད། མ་འོངས་པར་ནུས་ཁུངསངས་དང་ཐོན་ཁུངས་ཀྱི་དགོས་མཁོ་སྔར་བཞིན་བརྟན་པོའི་ངང་འཕར་སྣོན་འབྱུང་སྲིད། 2021ལོར་རང་རྒྱལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་གློག་སྤྱོད་ཚད་སྟོང་ཝ830ཙམ་ཟིན་ཏེ། ཨ་རི་དང་འཇར་པན་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་གཙོ་བོའི་ཆུ་ཚད་ལས་མངོན་གསལ་སྒོས་དམའ་བ་ཡོད། ཐོན་ལས་དང་ནུས་རྒྱུའི་གྲུབ་ཆ་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་ཕྱོགས་སྒྱུར་བྱེད་པའི་གནོན་ཤུགས་ཅུང་ཆེ་བ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དུས་ཚོད་ཀྱི་སྐར་ཁུང་ཅུང་ཛ་དྲག་ཏུ་གྱུར་ཡོད། ཐོན་སྐྱེད་འབོར་ཆེན་དང་ཟད་གྲོན་ཆེན་པོ། འབུད་གཏོང་འབོར་ཆེན་བཅས་ཀྱི་རགས་ལས་ཅན་གྱི་ཐོན་སྐྱེད་བྱེད་སྟངས་ངེས་པར་དུ་བསྒྱུར་དགོས་པ་དང་། དཔལ་འབྱོར་ སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཐོན་ཁུངས་ཕན་ནུས་ཆེན་པོའི་བེད་སྤྱོད་བྱེད་པ་དང་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་གཏོང་བའི་རྨང་གཞིའི་སྟེང་འཛུགས་པར་སྐུལ་འདེད་གཏོང་དགོས།
གཉིས་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ལྗང་མདོག་འཁོར་རྒྱུག་ཐཱན་ཉུང་འཕེལ་རྒྱས་ནི་དེང་སྐབས་ཀྱི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་ཤིག་དང་མདུན་ལམ་ལྡན་པའི་འཕེལ་རྒྱས་ཁྱབ་ཁོངས་ཤིག་རེད། འཛམ་གླིང་གི་ཁྱབ་ཁོངས་ནས་བལྟས་ན། ལྗང་མདོག་ཐཱན་ཉུང་གི་རིགས་བསྒྱུར་ནི་དཔལ་འབྱོར་གྲུབ་ཚུལ་རིམ་སྤོར་གྱི་ཁ་ཕྱོགས་གསར་པ་ཡིན་ཞིང་། དཔལ་འབྱོར་འཕར་སྣོན་ཡོང་བའི་བར་སྟོང་གསར་པ་གསོ་སྐྱོང་བྱེད་བཞིན་ཡོད་པས། དེའི་ཐད་རང་རྒྱལ་ལ་སྦས་ཤུགས་ཆེན་པོ་ལྡན་ཡོད། རང་རྒྱལ་གྱི་ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་གནས་ཚུལ་ལ་བལྟས་ན། ཕྱོགས་གཅིག་ནས་ལྗང་མདོག་གཞན་སྒྱུར་གྱིས་རྒྱུ་རྐྱེན་གཙོ་བོའི་མ་གནས་དམའ་བའི་ལེགས་ཆ་ཁྱད་ཆོས་སུ་བྱེད་པའི་སྲོལ་རྒྱུན་ཐོན་སྐྱེད་རྟེན་འབྱུང་གྲངས་བསྐྱར་དུ་འཛུགས་བཞིན་ཡོད་པ་དང་། ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ལ་སྐུལ་འདེད་བཏང་ནས་འཕར་གཞི་གསར་པ་མང་པོ་ཆགས་བཞིན་ཡོད། དཔེར་ན། རང་རྒྱལ་གྱི་རླུང་གློག་དང་འོད་ཤུགས་སོགས་ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། རླུང་གློག་དང་འོད་ཤུགས་གློག་གཏོང་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ནུས་དང་། གསར་སྣོན། རིམ་རྩིས་བརྒྱབ་ན་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་ལོ10ཡི་ནང་རྒྱུན་མཐུད་ངང་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་ཡོད། ཕྱོགས་གཞན་ཞིག་ནས་རང་རྒྱལ་གྱི་སྲོལ་རྒྱུན་ཐོན་ལས་ཀྱི་ལྗང་མདོག་རིམ་སྤོར་སྒྱུར་བཀོད་ཀྱི་དགོས་མཁོ་དང་ལྗང་མདོག་འཛད་སྤྱོད་ཀྱི་དགོས་མཁོ་ལས་འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་ལྗང་མདོག་ཁྲོམ་ར་ཐོན་བཞིན་ཡོད། དཔེར་ན།“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་སུ། རང་རྒྱལ་གྱིས་བསྡོམས་པའི་ལྗང་མདོག་བཟོ་གྲྭ2000ལྷག་དང་ལྗང་མདོག་བཟོ་ལས་གླིང170ལྷག་འཛུགས་སྐྲུན་བྱས་པ་དང་། ལྗང་མདོག་འཛད་སྤྱོད་ཀྱི་གཞི་ཁྱོན་རིམ་བཞིན་རྒྱ་བསྐྱེད་དེ། 2021ལོར་ནུས་ཁུངས་གསར་པའི་རླངས་འཁོར་བྲིན་ཚད་འཛམ་གླིང་གི་ཨང་དང་པོ་ཟིན་ཡོད། སྤྱིའི་ཆ་ནས་བལྟས་ན། ལྗང་མདོག་ཐོན་ལས་ཀྱིས་ལག་རྩལ་གསར་པ་གསོ་སྐྱོང་དང་། ལས་རྣམ་གསར་པ་སྐྱེ་འདེད། མཁོ་སྤྲོད་གསར་པ་གསར་སྐྲུན། དགོས་མཁོ་གསར་པ་ཆགས་པ་སོགས་ཀྱི་ཐད་ནུས་པ་ཆེན་པོ་འདོན་སྤེལ་བྱེད་བཞིན་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་ལ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་འདོན་སྤྲོད་བྱེད་བཞིན་ཡོད།
གསུམ་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་སྐུལ་འདེད་གཏོང་རྒྱུ་ནི་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་པའི་འཕེལ་རྒྱས་ཤིག་རེད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་སོང་བ་དང་ཆབས་ཅིག མི་དམངས་ཀྱི་གཞི་རྩའི་དགོས་མཁོ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་ཅིང་། དེའི་ནང་དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་གྱི་དགོས་མཁོ་ཚུད་པ་མ་ཟད། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་ཡང་ཚུད་ཡོད། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་སྟོན་གྲངས་ཁྲོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གལ་ཆེའི་རང་བཞིན་རྒྱུན་ཆད་མེད་པར་མངོན་གསལ་དུ་འགྲོ་བཞིན་ཡོད། ངེས་པར་དུ་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་སྒྱུར་བར་སྐུལ་འདེད་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་གཏོང་བ། ལྗང་མདོག་འཛད་སྤྱོད་དར་སྤེལ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཆགས་པར་སྐུལ་འདེད་གཏོང་བ། མི་དམངས་ལ་སྐྱེ་ཁམས་ཐོན་རྫས་སྤུས་དག་སྔར་ལས་མང་པོ་འདོན་སྤྲོད་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་། དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་མངོན་འགྱུར་འབྱུང་བར་འབད་བརྩོན་བྱ་དགོས།
བཞི་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་བདེ་འཇགས་ངང་འཕེལ་རྒྱས་ཡོང་བའི་འགན་སྲུང་ནུས་ལྡན་ཡིན། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་དམའ་རིམ་ཐོན་རྫས་འཛད་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་། མ་བཅོས་རྡོ་སྣུམ་དང་། རང་བྱུང་སོལ་རླངས། ལྕགས་རྡོ། ཟངས། ཧ་ཡང་སོགས་ནུས་རྒྱུའི་ཐོན་ཁུངས་ཕྱི་ཕྱོགས་སུ་བརྟེན་ཚད་མཐོ་བ་དང་། ནང་འདྲེན་ཡོང་ཁུངས་གཅིག་སྡུད་གནས་ཡིན་པ། མཁོ་སྤྲོད་བདེ་འཇགས་འགན་ལེན་གྱི་ཉེན་ཁ་ཆེ་བ་བཅས་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཐོན་ཁུངས་བཀོལ་སྤྱོད་ཀྱི་ལས་ཕྱོད་མཐོ་བའི་འཕེལ་རྒྱས་ཡིན། མཁོ་སྤྲོད་ཕྱོགས་ཀྱིས“འབྱུང་ཁུངས་གཏོད”རྒྱུར་སྣང་ཆེན་བྱེད་པ་དང་། ནུས་རྒྱུ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལྷག་པར་དུ་དགོས་མཁོའི་སྣེ་ནས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་དང་།“གྲོན་ཆུང”ལ་མཐོང་ཆེན། ཕྱོགས་ཡོངས་ནས་གྲོན་ཆུང་གི་འཐབ་ཇུས་ལག་བསྟར། ནུས་རྒྱུའི་ཐོན་ཁུངས་མཁོ་སྤྲོད་མི་འདང་བའི་དཀའ་ངལ་སེལ་བ། ནང་འདྲེན་ལ་བརྟེན་ཚད་དང་མཁོ་སྤྲོད་འགན་ལེན་གྱི་བདེ་འཇགས་ཉེན་ཁ་ཇེ་ཆུང་དུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་རིམ་དེ་ནུས་རྒྱུའི་ཐོན་ཁུངས་མཁོ་སྤྲོད་ཀྱི་རྗེས་ཟིན་མི་ཐུབ་པའི་རྐྱེན་གྱིས་མཚམས་འཇོག་མི་ཡོང་བའི་འགན་ལེན་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་ལྟར། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་བར་འགག་རྩའི་འདེགས་སྐྱོར་ཆེན་པོ་གསུམ་དང་བྲལ་ཐབས་མེད་ལ་འཐུས་ཚང་དུ་གཏོང་བ་དང་ཤུགས་རྒྱག་དགོས། གཅིག་ནས་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག རིན་གོང་སྲིད་ཇུས། ཚད་གཞིའི་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས། གཉིས་ནི་ཐོན་ཁུངས་ཁོར་ཡུག་རྒྱུ་རྐྱེན་ཁྲོམ་ར་ཅན་གྱི་བཀོད་སྒྲིག་མ་ལག་འཐུས་ཚང་དུ་གཏོང་དགོས། གསུམ་ནི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གི་སྔོན་ཐོན་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་བེད་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། བྱ་བ་དེ་དག་ཡག་པོ་བསྒྲུབས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་འགག་བརྒྱུད་རིམ་དམ་འཛིན་ཡག་པོ་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།