“རྒྱལ་ཁབ་ཀྱི་དོན་ཆེན”ཕྲག་ཏུ་བླངས་ནས་སྐྱེ་ཁམས་སྔོན་ལ་ལག་བསྟར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
2023.05.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

—ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་གླེང་བ།

ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་། “རྒྱལ་ཁབ་ཀྱི་དོན་ཆེན”ཕྲག་ཏུ་འཁུར་རྒྱུ་དེ་རང་འཁྲིའི་ལས་འགན་ལ་བརྩིས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་འགུལ་སྒོས་མཚོ་སྔོན་གྱི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཅུག་ནས་ཞིབ་ལྟ་དང་ཇུས་འགོད་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་སྐྲུན་པ་བཅས་ཀྱི་ཐད་གྲུབ་འབྲས་དངོས་ཐོབ་པ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ཡང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་རེད། ང་ཚོས་བརྗོད་དོན་སློབ་གསོའི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་བསྐྱེད་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་དོན་སྙིང་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ལ་བཏོན་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། “དྲང་གཞག”ལ་དམིགས་ནས་བརྗོད་དོན་སློབ་གསོའི་ལག་ལེན་རང་བཞིན་མངོན་གསལ་ཡོང་བར་བྱེད་པ་དང་། ཟུང་འབྲེལ་དང་མཉམ་འདྲེས། འབྲེལ་མཐུད་བཅས་ཀྱི་ཐད་ཤུགས་བརྒྱབ་ནས། རང་རྟོགས་ངང་དཔེ་བསྡུར་ཚད་བསྡུར་བྱེད་པ་དང་། བྱ་བར་སྐུལ་འདེད་གཏོང་བའི་མགོ་རྩོམ་ས་དང་གནད་དོན་ཐག་གཅོད་བྱེད་པའི་ཤུགས་རྒྱག་ས་གནད་ལ་འཁེལ་བར་འཚོལ་ཞིབ་བྱེད་པ། བརྗོད་དོན་སློབ་གསོ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་མཉམ་འདྲེས་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་དམིགས་ཏེ་བརྗོད་དོན་སློབ་གསོར་དམ་འཛིན་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ལག་ལེན་གྱི་མཐོ་ཚད་གསར་བ་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་། འོན་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱེད་དགོས་པ་ཞིག་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ད་དུང་འབུར་ཐོན་གྱི་གནད་དོན་ཁག་གཅིག་ཐག་གཅོད་ཡག་པོ་བྱེད་ཐུབ་མེད། ང་ཚོས་ཏན་ཏན་ཏིག་ཏིག་གིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”ལ་གདེང་ཚོད་ཡོད་པ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཙོ་གནད་བྱ་བར་དམ་འཛིན་བྱེད་པ་དང་། ལངས་གནས་སྔར་ལས་མཐོ་བ་དང་། ལས་དོན་སྤེལ་ཤུགས་ཆེ་བ། སྤྱོད་ཚུལ་མངོན་གསལ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བཅས་བྱེད་དགོས།

མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་འགན་འཁྲི་ལྕི་པོ་ཡོད་པས་ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ནས་རྒྱལ་ཁབ་དང་། མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས། ཏན་ཏིག་གིས་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ནས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་གཏན་འཁེལ་དང་། “དེ་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་དམ་འཛིན་ནན་མོ་བྱས་ནས། བརྗོད་དོན་སློབ་གསོ་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྟེང་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་གཙོ་འགན་གཙོ་སྒྲུབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་དང་འབད་འབུངས་ཡར་བརྩོན་གྱི་ངར་ཤུགས་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་རྒྱུན་མཐུད་བྱ་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་ཞིབ་དག་ཐེར་དང་ལྟ་སྐུལ་དོ་དམ་ཁྲིམས་བསྟར་ལ་ནུས་ཤུགས་གང་ཡོད་བཏོན་ནས་སྐུལ་འདེད་བྱེད་པ་དང་། ཁེ་ལས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་འགན་སྒྲུབ་པར་ལྟ་སྐུལ་བཅས་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དངོས་སྒྲུབ་ལ་འགན་ཁུར་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ནས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་དང་། དངོས་ཕན་དོན་གཉེར། གནད་དོན་ལ་དམིགས་པ། དཀའ་ངལ་ཁྱད་བསད་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་ཆེན་པོ་བྱེད་པ་དང་། ཧུར་ཐག་གིས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་འཁུར་བ། རྣམ་པ་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཕན་འབྲས་གསར་པ་ཐོབ་པར་བྱེད་པ། རང་རྟོགས་ངང་མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ལྟ་ཞིབ་དང་ཇུས་འགོད་བྱས་ནས་རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་། མིག་སྔར་དང་རྒྱང་རིང་། ཆ་ཤས་དང་ཁྱོན་ཡོངས། འཕེལ་རྒྱས་དང་སྲུང་སྐྱོབ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གཞན་སྒྱུར་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས།

སྐྱེ་ཁམས་ནི་མཚོ་སྔོན་གྱི་རྨང་གཞི་ཡིན་ཞིང་། གཞི་ཐིག་དེས་ཀྱང་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་ཀྱིན་ཡོད། ང་ཚོས་བརྗོད་དོན་སློབ་གསོ་དེ་གོ་སྐབས་སུ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་བསྐྱེད་བྱེད་པ་དང་། སློབ་སྦྱོང་དང་བསམ་གཞིགས་བཅས་བཀོལ་སྤྱོད་ཡག་པོ་བྱེད་པ། ངོས་འཛིན་དང་ལག་ལེན་གཅིག་གྱུར་ཡོང་བར་བྱེད་པ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་བ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་འགན་འཁྲི་གསར་པ་ལག་བསྟར་བྱེད་པ་དང་། བྱས་རྗེས་གསར་པ་མངོན་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།


ཡིག་སྒྱུར་བ། ཤ་བོ་རིན་མཚོ།