སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཐོན་ཁུངས་ཁོར་ཡུག་རྒྱུ་རྐྱེན་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས་”ཞེས་ནན་བཤད་གནང་ཡོད། དེ་ནི་རང་རྒྱལ་གྱི་ཐོན་ཁུངས་ཁོར་ཡུག་ཁྱབ་ཁོངས་ཀྱི་གལ་འགངས་ཆེ་ཞིང་རྨང་གཞིའི་རང་བཞིན་གྱི་ལམ་སྲོལ་གསར་གཏོད་ཅིག་ཡིན་པ་དང་། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ལམ་ལུགས་ཀྱི་བཅོས་སྒྱུར་གལ་ཆེན་ཞིག་ཡིན་པས། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་བཀོད་སྒྲིག་ལེགས་སྒྱུར་དང་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་བདེ་འཇགས་ངང་བེད་སྤྱོད་པའི་ཆུ་ཚད་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་ལྡན་ཡོད།
དང་པོ། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པ་ནི་ཚོང་ར་ཅན་དུ་འགྱུར་བའི་ལམ་སྲོལ་ལ་བརྟེན་ནས་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དགུ་བའི་སྟེང་། “བཙོག་འབུད་དབང་ཆ་དང་ནུས་རྒྱུ་སྤྱོད་པའི་དབང་ཆ། ཆུ་སྤྱོད་དབང་ཆ། ཐཱན་ཕྱིར་འབུད་དབང་ཆ་བཅས་ཁྲོམ་ར་ཅན་གྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་ཚོང་ར་ཅན་གྱི་བཀོད་སྒྲིག་མ་ལག་ཅེས་པ་ནི། སྲིད་གཞུང་གིས་གཏན་འཁེལ་བྱས་པའི་སྤྱི་འབོར་དོ་དམ་གྱི་དམིགས་འབེན་དང་ཚན་རིག་དང་མཐུན་པའི་ཐོག་མའི་བགོ་འགྲེམས་ཀྱི་བགོ་བཤའི་རྨང་གཞིའི་སྟེང་ཚོང་རའི་གྲུབ་ཆ་གཙོ་བོ་ཁག་དོན་དངོས་ཐོག་སྤྱོད་པའམ་ཡང་ན་ཕྱིར་འབུད་ཀྱི་གྲངས་འབོར་དང་ཐོག་མའི་བགོ་འགྲེམས་ཀྱི་གྲངས་འབོར་བར་གྱི་ཧེ་བག་དང་ལྷག་འཕྲོ་དམིགས་འབེན་ཡིན་པའི་བཙོག་འབུད་དབང་ཆ་དང་ནུས་རྒྱུ་སྤྱོད་པའི་དབང་ཆ། ཆུ་སྤྱོད་དབང་ཆ། ཐཱན་ཕྱིར་འབུད་དབང་ཆ་སོགས་ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གལ་ཆེན་ཚོང་ར་ཅན་གྱི་ཉོ་ཚོང་ལམ་ལུགས་མ་ལག་ཆ་ཚང་ཞིག་ལ་ཟེར། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ན། ཚོང་རའི་གྲུབ་ཆ་གཙོ་བོ་རིགས་ཀྱི་ནང་གནས་སྐུལ་སློང་དང་ཚོད་འཛིན་ལམ་སྲོལ་ཆགས་པར་ཕན་ཐོགས་ཡོད་པ་དང་། ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་དང་ཐོན་ཁུངས་བེད་སྤྱོད། ལག་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འཇའ་ཤིང་ལྟ་བུའི་ནུས་པ་ཆེན་པོ་ལྡན་ཡོད།
གཉིས་པ། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བར་དངོས་ཡོད་ཀྱི་དགོས་གཏུག་རང་བཞིན་ལྡན་ཡོད། རང་རྒྱལ་གྱི་ཐོན་ཁུངས་བལྟོས་བཅས་ཀྱིས་དཀོན་པ་དང་། མི་རེའི་ཆ་སྙོམས་ཀྱི་ཐོན་ཁུངས་ ཚད་དེ་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་དམའ་བ། ཆུའི་ཐོན་ཁུངས་ཧ་ཅང་དཀོན་པ། ནུས་ཁུངས་དང་ཐོན་ཁུངས་ཕྱི་ཕྱོགས་སུ་བརྟེན་ཚད་མཐོ་བ་བཅས་རེད། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་”སྐབས་སུ། རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་རགས་གཉེར་ཅན་དུ་བེད་སྤྱོད་བྱེད་པའི་གནད་དོན་ཅུང་འབུར་ཐོན་ཡིན་པ་དང་། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་ཧ་ལམ་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་1.5དང་། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་3ཡིན། དེའི་ཁར་རང་རྒྱལ་སྔར་བཞིན་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་མྱུར་དུ་སྐུལ་འདེད་བྱེད་པའི་དུས་སྐབས་སུ་གནས་པས། མ་འོངས་པའི་ནུས་ཁུངས་དང་ཐོན་ཁུངས་ཀྱི་འཛད་སྤྱོད་ད་དུང་མུ་མཐུད་དུ་འཕར་སྣོན་འབྱུང་སྲིད། ཚོང་ར་ཅན་གྱི་ཉོ་འཚོང་བརྒྱུད་ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་རིན་གོང་དེ་མངོན་གསལ་དོད་དུ་བཏང་བ་དང་མ་གནས་ཕན་འབྲས་དེ་ནང་ངོས་ཅན་དུ་གྱུར་ནས་ཤུགས་རྐྱེན་གལ་ཆེན་ཐོན་རྒྱུ་ཡིན་པ་སྟེ། གཅིག་ནི་སྤྱི་ཚོགས་ཡོངས་སུ་ཐོན་ཁུངས་ཁོར་ཡུག་གི་རིན་གོང་ཡོད་པའི་འདུ་ཤེས་བཙུགས་ནས“གྲོན་ཆུང་ལ་ཕན་འབྲས་ཐོན་པ་དང་ཆུད་ཟོས་ལ་མ་གནས་ལྡན་པ”དང“ཐཱན་ཕྱིར་གཏོང་ལ་མ་གནས་ཡོད་པ། ཐཱན་ཉུང་གཏོང་ལ་ཕན་འབྲས་ལྡན་པའི”ལེགས་བསྡུས་ཞིབ་གཉེར་དང་ཐཱན་ཉུང་གཏོང་གི་འཕེལ་རྒྱས་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུར་ཕན་པ་དང་། གཉིས་ནི་ནུས་སྲི་ཐཱན་ཉུང་འབུད་དང་འབྲེལ་བ་ཡོད་པའི་ལག་རྩལ་དང་དོ་དམ། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་གྲུབ་ཆ་གཙོ་བོས་རང་ངོས་ཀྱི་ནུས་སྲི་ཐཱན་གྱི་མཐའ་མཚམས་མ་གནས་གཅོག་པར་སྐུལ་འདེད་གཏོང་བ། ཁྲོམ་ར་ཅན་གྱི་ཉོ་འཚོང་ལས་བྱུང་བའི་ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་རིན་གོང་ཁྲིད་སྟོན་དུ་བྱེད་པ། རང་འགུལ་ངང་ཐོན་སྐྱེད་བྱེད་སྟངས་ལེགས་སྒྲིག་བྱེད་པ། ལག་རྩལ་ཡར་ཐོན་དང་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ། འབྲེལ་ཡོད་སྤྱི་ཚོགས་ཀྱིས་མ་དངུལ་འཇོག་པར་སྐུལ་ཁྲིད་དང་རྒྱ་སྐྱེད་གཏོང་བ་བཅས་ལ་ཕན་པ་ཡོད། གསུམ་ནི་སྲིད་འཛིན་དབྱེ་ཕྲལ་ཅན་དང་བཀའ་རྒྱ་ཅན་གྱི་ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་དོ་དམ་བྱེད་སྟངས་དང་བསྡུར་ན། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་ཉོ་འཚོང་བྱ་རྒྱུ་དེ་“མཉེན་གཤིས་ཅན་”དུ་གྱུར་ཡོད་པས། ཐོན་ཁུངས་ཁོར་ཡུག་གི་ཁེ་དབང་དེ་སྡེ་ཁག་དང་། ལས་རིགས། ས་ཁུལ་བཅས་མི་འདྲ་བའི་བར་དུ་བཀོད་སྒྲིག་བྱེད་པའི་ལས་ཆོད་ཆེ་རུ་འགྲོ་ཐུབ་པ་དང་། ཚད་ཡོད་ཀྱི་དམིགས་འབེན་དེ་བཀོལ་སྤྱོད་ཀྱི་ལས་ཆོད་དེ་བས་མཐོ་བའི་བྱེད་པོར་བཀོད་སྒྲིག་བྱེད་ཐུབ་ཅིང་། སྤྱི་ཚོགས་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་གྱི་མ་གནས་དམའ་རུ་གཏོང་ཐུབ།
གསུམ་པ། རང་རྒྱལ་གྱི་ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། བཙོག་འབུད་དབང་ཆའི་ཐད་མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)28ཀྱིས་ཚོད་ལྟ་བྱས་པ་དང2021ལོའི་ཟླ12བར་རྒྱལ་ཡོངས་ཀྱི་བཙོག་འབུད་དབང་ཆ་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་དང་ཉོ་ཚོང་བསྡོམས་འབོར་སྒོར་མོ་ཐེར་ཆེན་གཉིས་དང་ཐེར་འབུམ་བཞི་དུང་ཕྱུར་ལྔ་དང་བྱེ་བ་གཅིག་ས་ཡ་ལྔ་ཟིན་ཡོད་པ་རེད། ནུས་རྒྱུ་སྤྱོད་པའི་ཐད་མིག་སྔར་རང་རྒྱལ་གྱིས་ཀྲེ་ཅང་དང་ཕུའུ་ཅན། ཧི་ནན། སི་ཁྲོན་བཅས་སུ་ནུས་རྒྱུ་སྤྱོད་པའི་ཉོ་ཚོང་ཚོད་ལྟའི་ལས་དོན་སྤེལ་བ་དང་། ཁ་ཆད་ལག་བསྟར་ལས་རིགས་ནང་གཙོ་བོ་ངར་ལྕགས་དང་རྫས་འགྱུར་བཟོ་ལས། མདོག་ལྡན་ལྕགས་རིགས་སོགས་ནུས་རྒྱུ་ཟད་གྲོན་ཆེ་བའི་ལས་རིགས་ཚུད་ཡོད། ཆུ་སྤྱོད་པའི་དབང་ཆའི་ཐད་2016ལོར་ཀྲུང་གོའི་ཆུ་དབང་ཉོ་ཚོང་སུའོ་བཙུགས་ནས2021ལོའི་ལོ་མཇུག་ཏུ་རིམ་རྩིས་བྱས་ན་ཆུ་སྤྱོད་པའི་དབང་ཆའི་ཉོ་ཚོང་21313དང་ཉོ་ཚོང་གི་ཆུ་འབོར་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་བྱེ་བ་དགུ་ས་ཡ་བདུན་ལེགས་སྒྲུབ་བྱ་རྒྱུ་རེད། ཐཱན་གཏོང་དབང་ཐད་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་2021ལོའི་ཟླ་7པར་སྤྱོད་མགོ་ཚུགས་པ་ནས་བཟུང་། གློག་གཏོང་ལས་རིགས་ཀྱི་གཙོ་གནད་འབུད་སྐྱུར་ལས་ཁུངས2162ནང་བཅུག་ནས། ལོ་ཧྲིལ་བོར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་ཙམ་ཟིན་པ་དང་ཉོ་ཚོང་རིན་གོང་བརྟན་པོའི་ངང་འཕར་ནས་གོ་ལ་ཧྲིལ་པོའི་འབུད་ཚད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཐཱན་ཁྲོམ་རར་གྱུར་ཡོད་པ་རེད། 2012ལོ་དང་བསྡུར་ན་2021ལོར་རང་རྒྱལ་གྱི་རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ནུས་རྒྱུ་ཟད་གྲོན་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད། ཆུ་ཟད་གྲོན་བཅས་སོ་སོར26.4%དང་། 34.4% 45%བཅས་མར་ཆག་ཡོད་པ་དང་། ཐོན་ཁུངས་གཙོ་བོ་ནས་ཐོན་སྐྱེད་བྱེད་ཚད་རིམ་རྩིས་བྱས་ན58%མང་དུ་ཕྱིན་པ། ཐཱན་ཁྲོམ་རའི་ཁྱབ་ཁྱོན་ནང་ཐཱན་འབུད་ཚད་བསྡོམས་འབོར་དང་ཤུགས་ཚད་གཉིས་ཀ་ཆག་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། གྲུབ་འབྲས་དེ་དག་ཐོབ་ཐུབ་པ་དང་འབྲེལ་ཡོད་ཁྲོམ་ར་ཅན་གྱི་ཉོ་ཚོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དེས་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།
བཞི་པ། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། སྤྱིའི་ཆ་ནས་བལྟས་ན། རང་རྒྱལ་གྱིས་ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་བཀོད་སྒྲིག་བྱེད་པའི་སྲིད་འཛིན་རང་བཞིན་གྱི་དོ་དམ་ཚོད་འཛིན་སྔར་བཞིན་ཅུང་མང་བ་དང་། ཚོང་ར་ཅན་དང་སྐུལ་ལྕག་ཅན་གྱི་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། གོམ་སྟབས་རྗེས་མར་ཕྱོགས་5་ཡི་ཐད་ནས་ཤུགས་རྒྱག་དགོས་པ་སྟེ། གཅིག་ནི་བསྡོམས་འབོར་གྱི་འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བགོ་བྱའི་བཅད་གྲངས་བགོ་འགྲེམས་བྱེད་ཐབས་ལེགས་འགྱུར་དང་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པ། བཟང་བསྟོད་ངན་སྨད་མཚོན་པ་བཅས་བྱ་དགོས་པ་དང་། གཉིས་ནས་ཚོང་རར་ཁྱབ་པའི་ལས་རིགས་ཀྱི་ཁྱབ་ཁོངས་རིམ་བཞིན་ཆེ་རུ་བཏང་ནས་ཉོ་ཚོང་གི་གྲུབ་ཆ་གཙོ་བོ་དང་། ཉོ་ཚོང་གི་ རིགས་སྣ། ཉོ་ཚོང་བྱེད་སྟངས་བཅས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གསུམ་ནས་གྲངས་གཞིའི་ཚད་གཞི་གཅིག་གྱུར་དང་ཚད་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་ནས་གྲངས་གཞིའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་དང་འཁོར་སྐྱོད་དོ་དམ་ཆུ་ཚད་ལ་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་ཉོ་འཚོང་ལམ་ལུགས་དང་ལག་རྩལ་ཚད་གཞི་འཐུས་ཚང་དུ་བཏང་སྟེ། བདག་དབང་གཏན་འཁེལ་དང་ཐོ་འགོད། གཏའ་འཇོག འཁོར་རྒྱུག་སོགས་ཀྱི་ཆ་འགྲིག་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལྔ་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་འདེགས་སྐྱོར་དང་འགན་ལེན་སོགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་ཁྲོམ་ར་ཅན་གྱི་བཀོད་སྒྲིག་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ་བརྒྱུད་ནས། ཚོང་ར་ཅན་གྱི་ཉོ་ཚོང་རིན་གོང་ཤེས་རྟོགས་དང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།