སྤྱི་ཟླ6པའི་ཚེས1ཉིན་པར་སྐྲུན་བྱས་པའི་འདོན་ཐེངས11པའི《བདེན་འཚོལ》དུས་དེབ་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན》ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞེས་གསལ་སྟོན་བྱས་ཡོད། འདི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོ་གཏན་འཁེལ་བྱེད་པའི་སྐད་ཆ་ཞིག་ཡིན་ལ། སྤྱི་ལ་དོ་དམ་དང་རྩ་བ་དོ་དམ་བྱེད་པ་ཞིག་ཡིན། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་དང་ལས་དབང་། མཐར་ཐུག་གི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་ཞེས་ནན་གྱིས་བསྟན་ཡོད།
རྩོམ་ཡིག་ནང་། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩའི་ངོ་བོ་གཏན་འཁེལ་བྱས་ཡོད། ཏང་གི་ངོ་བོ་དང་དམིགས་འབེན། ཐོག་མའི་བསམ་འདུན། ཕུགས་བསམ་དད་སེམས། སྲིད་ཇུས་ཀྱི་འདོད་ཚུལ་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པ་ལས་དེང་རབས་ཅན་གཞན་ཞིག་མིན་པ་གཏན་འཁེལ་བྱས་ཡོད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་བགྲོད་ལམ་ཡང་དག་པའི་ཐོག་བདེ་བླག་ངང་བསྐྱོད་རྒྱུ་ཁག་ཐེག་བྱས་ཡོད། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་མཛུབ་སྟོན་དགོངས་པར་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་མི་ཆད་པར་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཡོད། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་མདུན་སྐྱོད་བྱ་ཆེད་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་འདོན་སྤྲོད་བྱས་ཡོད། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བསམ་པའི་སྟོབས་ཤུགས་གལ་ཆེན་འདོན་སྤྲོད་བྱས་ཡོད། གཡོ་འགུལ་སྤུ་ཙམ་མེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཞི་ནས་འོད་སྟོང་འབར་བའི་མདུན་ལྗོངས་ལྡན་པ་དང་དར་རྒྱས་གོང་འཕེལ་ཡོང་ཐུབ། དེ་ལྟར་མ་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་བགྲོད་ལམ་ལས་བྲལ་ཞིང་བླ་སྲོག་ཤོར་བ་མ་ཟད། ཐ་ན་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཡང་ཤོར་ངེས་རེད་ཅེས་བསྟན་ཡོད།
རྩོམ་ཡིག་ནང་། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུ་ཁག་ཐེག་བྱས་ཡོད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱས་ནས། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་བྱ་རྒྱུའི་དམ་བཅའ་བཞག་སྟེ། རྒྱང་རིང་གི་ཕུགས་བསམ་དང་དུས་མཚམས་རང་བཞིན་གྱི་དམིགས་འབེན་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། མུ་མཐུད་འབད་འཐབ་དང་། དཀའ་སྤྱད་འབད་བརྩོན། འབད་འཐབ་ལྷོད་མེད་བཅས་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་ནི་གོམ་པ་རིམ་བགྲོད་དང་། སྔ་འཛིན་རྗེས་མཐུད་བྱེད་པ་ཞིག་ཡིན་པ་མ་ཟད། ལག་ལེན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་། 2035ལོའི་བར་གྱི་རང་རྒྱལ་འཕེལ་རྒྱས་ཀྱི་དམིགས་འབེན་དང་བླང་བྱ་སྔར་ལས་གསལ་པོར་བཏོན་ཡོད་ཅིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་འབད་འཐབ་ཀྱི་དམིགས་འབེན་ཡིན་ཞིང་། མི་རབས་ནས་མི་རབས་བར་གཅིག་རྗེས་གཉིས་མཐུད་དུ་སྐུལ་སྤེལ་བཏང་བ་མ་ཟད། འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པ་དང་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་འོད་སྟོང་འབར་བའི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་ཡོད་ཅེས་བསྟན་ཡོད།
རྩོམ་ཡིག་ནང་། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་སྐུལ་སྤེལ་བྱས་ཡོད། བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། ང་ཚོའི་ཏང་གིས་ཁྱབ་ཁོངས་སོ་སོའི་སྒྲིག་སྲོལ་བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། དེང་རབས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་གསོན་ཤུགས་ཀྱི་ཁེངས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྲུབ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོའི་ཏང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོར་བརྟེན་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བ་དང་། ཁེ་ཕན་མཁྲེགས་བཟུང་གི་བཀག་རྒྱ་ལས་སྒྲོལ་བ། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བ། བཅོས་སྒྱུར་དེ་ཆ་ཤས་འཚོལ་ཞིབ་ནས་མ་ལག་འདུས་གྲུབ་དང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་འགྲོ་རྒྱུར་ཐག་གཅོད་བྱས་ཡོད། ཁྱབ་ཁོངས་མང་པོ་ཞིག་ཏུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། མ་ལག་རང་བཞིན་གྱི་བསྐྱར་བཞེངས་བྱས་པ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྐྲུན་བཅས་བྱུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྫོགས་མཐའ་མེད་པའི་ནུས་པའི་འབྱུང་ཁུངས་འདོན་སྤྲོད་བྱས་ཡོད་ཅེས་བསྟན་ཡོད།
རྩོམ་ཡིག་ནང་། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་བྱས་ཡོད། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་དུང་ཕྱུར་ཁྲི་ཕྲག་གི་རང་ཉིད་ཀྱི་བྱ་གཞག་ཡིན་པ་དང་། མི་དམངས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱེད་པོ་ཡིན་པ་དང་། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་པ་དང་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཚེ་གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱུན་མི་ཆད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་ངོས་འཛིན་གཏིང་ཟབ་བྱས་ཡོད། ང་ཚོས་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལ་མི་དམངས་མང་ཚོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་བརྩི་སྲུང་ཐུབ་རྒྱུར་འབད་བརྩོན་བྱེད་དགོས། ང་ཚོས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བསམ་འདུན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་སྔར་ལས་མང་བ་དང་སྔར་ལས་གཞུང་དྲང་ངང་མི་དམངས་ཡོངས་ལ་ཁྱབ་པ་བྱས་ཡོད། ང་ཚོའི་ཏང་གིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་བ་དང་། མི་དམངས་ཀྱིས་ཁྲིམས་ལྟར་བྱ་ཐབས་དང་རྣམ་པ་སྣ་ཚོགས་བརྒྱུད་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ལས་དོན་ལ་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ། བྱེད་པོའི་སྙིང་སྟོབས་ཐོག་ནས་སྤྲོ་སེམས་ཆེན་པོས་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཞུགས་རྒྱུ་འགན་ལེན་བྱས་ཡོད། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་མདུན་ལམ་ལ་བརྟེན་ནས་མི་སེམས་ལ་སྐུལ་མ་གཏོང་བ་དང་། སེམས་ཤུགས་སྦྱིན་པ། མི་སེམས་འགུག་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་བྱས་ཡོད་ཅེས་བསྟན་ཡོད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།