སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“བཙོག་འབུད་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས”ཞེས་བསྟན་ཡོད། འདིས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཁ་ཕྱོགས་སྔར་ལས་ལྷག་པར་གསལ་སྟོན་གནང་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་ འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ཐོན་དབང་གསལ་བ་དང་། སྣ་མང་ཟབ་ཞུགས། སྐུལ་ལྕག་དང་ཚོད་འཛིན་གལ་ཆེ་མཉམ་འཛིན། བརྒྱུད་རིམ་ཆ་ཚང་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ནུས་ཡོད་སྒོས་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་དང་། ཕྱོགས་སྒྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལམ་ལུགས་འཛུགས་པ་དང་འབྲེལ་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ་དེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་གདེང་འཇོག་དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས། ནགས་དཔོན་ལམ་ལུགས། ཁོར་ཡུག་སྲུང་སྐྱོབ་ཀྱི“ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར་དང་།”“ལས་གནས་གཅིག་ལ་འགན་འཁྲི་གཉིས”སོགས་ཀྱི་བཅོས་སྒྱུར་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་སོགས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ30ལྷག་གཏན་འབེབས་དང་བཟོ་བཅོས་བྱས་པ་དང་། ཁོར་ཡུག་གི་རྒྱུ་རྐྱེན་སྣ་ཚོགས་ལ་ཁྱབ་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཡོད། གཙོ་གནད་ས་ཁོངས་དང་གཙོ་གནད་ལས་དོན་ལ་ལྟ་སྐུལ་རོགས་སྐྱོར་བྱས་ནས། རྒྱལ་ཁབ་དང་ས་གནས་ཀྱིས་མཐུན་སྦྱོར་ངང་ཤེས་རྟོགས་ཐུབ་པར་མ་ཟད་གནད་དོན་ཐག་གཅོད་བྱེད་པའི་རྐྱེན་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་བཙུགས་ཤིང་། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་དང་། སྐྱེ་ཁམས་ཁོར་ཡུག་པུའུ་སྒྲིག་འཛུགས་བྱས་ནས། སྐྱེ་ཁམས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦགས་བཙོག་འབུད་གཏོང་སྣ་ཚོགས་ལ་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་བྱས། ཞིང་ཆེན་རིམ་པ་མན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞིའི་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཁྲིམས་འཛིན་ལ་ཐད་ཀར་དོ་དམ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སོགས་ཀྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟོབས་ལྡན་དམག་དཔུང་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་། སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཕྱོགས་མང་པོའི་སྤྱི་ཆིངས་སམ་གྲོས་འཆམ་ཡི་གེ་མང་པོ་ཞིག་མཆན་བཀོད་ལག་བསྟར་བྱས་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ཉམས་ཞན་དུ་འགྱུར་བ་སོགས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་གི་འགྲན་སློང་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་ཉིན་བཞིན་མངོན་གསལ་དུ་ཕྱིན་པ། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་ཁྲོད་ཀྱི་གཏམ་བཤད་དབང་ཆ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། ཏང་ཨུས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། ཁེ་ལས་གཙོ་གཉེར། སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་མཉམ་དུ་ཞུགས་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྟངས་ཆེན་པོ་འཛུགས་དགོས་པར་མ་ཟད། གཅིག་གྱུར་གྱིས་ཇུས་འགོད་དང་། གཅིག་གྱུར་གྱིས་བཀོད་སྒྲིག གཅིག་གྱུར་གྱིས་སྐུལ་འདེད། གཅིག་གྱུར་གྱིས་དཔྱད་ཞིབ་བཅས་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་ཆ་ཚང་ཞིག་ཆགས་པར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཐོན་དབང་ལམ་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། དངུལ་གཏོང་། རིན་གོང་བཅས་ཀྱི་སྲིད་ཇུས་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བཙོག་འབུད་དབང་ཆ་དང་ཐཱན་འབུད་གཏོང་དབང་ཆ་སོགས་ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཤིག་ཆགས་པར་སྐུལ་འདེད་གཏོང་དགོས།
དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་འདེགས་སྐྱོར་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་བ་མཁོ་འདོན་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་འཛིན་པ་བཅས་བྱས་ནས། འགོ་ཁྲིད་ཀྱི་འགན་འཁྲིའི་མ་ལག་དང་། ཁེ་ལས་ཀྱི་འགན་འཁྲིའི་མ་ལག དམངས་ཡོངས་ཀྱི་བྱ་སྤྱོད་མ་ལག ལྟ་སྐུལ་དོ་དམ་མ་ལག ཁྲོམ་རའི་མ་ལག ཡིད་རྟོན་མ་ལག བཅའ་ཁྲིམས་ཁྲིམས་སྲོལ་གྱི་མ་ལག་བཅས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། འགན་འཁྲི་གཙོ་བོ་སྣ་ཚོགས་དོན་འཁྱོལ་བྱེད་པ། ཁྲོམ་རའི་བྱེད་པོ་དང་སྤྱི་དམངས་ཟབ་ཞུགས་ཀྱི་ཧུར་བརྩོན་རང་བཞིན་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཁ་ཕྱོགས་གསལ་བ་དང་། ཐབས་ཇུས་ཚན་རིག་དང་མཐུན་པ། ལག་བསྟར་ནུས་ལྡན། སྐུལ་ལྕག་ནུས་ལྡན། སྣ་མང་ཟབ་ཞུགས། མཉམ་འགུལ་ལེགས་པོ་བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་ཆགས་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།
དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྡོམ་ཤུགས་ཆགས་པར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཕྱོགས་མང་མཉམ་བཅོས་རྒྱུན་འཁྱོངས། ཁྲོམ་རའི་ཁ་ཕྱོགས་རྒྱུན་འཁྱོངས། ཁྲིམས་ལྟར་བཅོས་སྐྱོང་གི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ཏེ། མཐུན་སྦྱོར་མཉམ་འགུལ་དང་ཕྱོགས་གཅིག་ཏུ་ཤུགས་འདོན་པའི་ཕན་འབྲས་ཐོན་པར་བྱེད་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་སྤྱིའི་བླང་བྱ་དང་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི“ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱེད་པ། སྲིད་གཞུང་གིས་བཅོས་སྐྱོང་དང་སྤྱི་ཚོགས་ཀྱིས་སྙོམས་སྒྲིག ཁེ་ལས་ཀྱིས་རང་སྐྱོང་བཅས་ཀྱི་མཉམ་འགུལ་བཟང་བོར་སྐུལ་འདེད་གཏོང་དགོས། ཕྱོགས་མང་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་དང་ཁེ་ལས། སྤྱི་དམངས་སོགས་རིགས་མི་འདྲ་བའི་བྱེད་པོའི་དབང་ཆ་དང་འགན་འཁྲི་གསལ་བོ་བཟོ་བ་དང་། ཟབ་ཞུགས་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཁོར་ཡུག་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ཁྲོམ་རའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། དཔལ་འབྱོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཁྲོམ་རའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁོར་ཡུག་བཅོས་སྐྱོང་གི་ཁྲོམ་རའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁོར་ཡུག་བཅོས་སྐྱོང་གི་ཁ་དན་ཚིག་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རིགས་ཀྱི་རང་གཅུན་ལ་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚད་གཞི་འཐུས་ཚང་དུ་གཏོང་བ། ཁྲིམས་བསྟར་ནན་མོ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་བཅོས་སྐྱོང་གི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་ཞན་ཆ་མགྱོགས་མྱུར་ངང་གསབ་པ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་པར་མཐོ་རུ་གཏོང་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།