ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་ལྔ་པ་བྱས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས་བསྟན་དོན། སློབ་གསོ་དར་ཚེ། གཞི་ནས་རྒྱལ་ཁབ་དར་རྒྱས་ཡོང་བ་དང་སློབ་གསོ་སྟོབས་ལྡན་དུ་ཕྱིན་ན། གཞི་ནས་རྒྱལ་ཁབ་སྟོབས་ལྡན་དུ་འགྲོ་ཐུབ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་སྐྲུན་པའི་འཐབ་ཇུས་ཀྱི་སྔོན་འགྲོའི་ཁྲིད་སྟོན་དང་། ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་དར་མངོན་འགྱུར་གྱི་འདེགས་སྐྱོར་གལ་ཆེན་ཡིན་ལ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞིའི་བཟོ་འགོད་བཅས་རེད། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་དམངས་ལྟེ་བར་འཛིན་པའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་འགུལ་ངང་སྔོན་ལ་བཀོད་སྒྲིག་དང་། འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་པ། གནས་བབ་གསར་པ་གསར་འབྱེད་ཧུར་ཐག་བྱེད་པ། སློབ་གསོ་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བ། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བདེ་སྐྱིད་རྩ་བ་ཇེ་བརྟན་དུ་གཏོང་བ། སློབ་གསོ་སྟོབས་ལྡན་དུ་བཏང་ནས་རྒྱལ་ཁབ་འབྱོར་ཕྱུག་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
ང་ཚོས་བསྐྲུན་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན་པས། ངེས་པར་དུ་ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྩ་བའི་འགན་ལེན་དུ་བརྩི་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ་དེ་རྩ་བའི་ལས་འགན་དུ་བརྩི་བ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་དམིགས་འབེན་དུ་བརྩི་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཞབས་འདེགས་ཞུ་རྒྱུ་དེ་འགན་འཁྲི་གཙོ་བོར་བརྩི་བ། སློབ་གསོའི་འདུ་ཤེས་དང་། མ་ལག ལམ་ལུགས། ནང་དོན། བྱེད་ཐབས། བཅོས་སྐྱོང་བཅས་དེང་རབས་ཅན་དུ་འགྱུར་བར་བྱ་རྒྱུ་དེ་གཞི་རྩའི་ཐབས་ལམ་ལ་བརྩི་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཁྲིད་སྟོན་བྱ་རྒྱུ་དེ་ལྟེ་བའི་ནུས་པར་བརྩི་བ་བཅས་བྱས་ཏེ་མཐར་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་དེ་རེད།
མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་རེད་ལ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་ལྟེ་བའི་ཞིབ་འཇུག་བྱ་གཞིའང་རེད། ང་ཚོས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་དམིགས་ཡུལ་ནི། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་མི་རབས་ནས་མི་རབས་བར་གསོ་སྐྱོང་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་སྤྱོད་ཐུབ་པ་དང་ལས་འགན་ལྗིད་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་མི་རབས་ནས་མི་རབས་བར་གསོ་སྐྱོང་བྱས་ཏེ། ཏང་གི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པར་རྒྱུན་འཛིན་མཁན་ཡོད་པ་བྱ་རྒྱུ་དེ་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སྤྱད་དེ་བློ་སྦྱོང་ངང་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་མར་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་པ། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། རྒྱལ་ཁབ་དང་མི་དམངས་ལ་ལེགས་སྐྱེས་འབུལ་རྒྱུའི་དམ་བཅའ་འཇོག་པ་བཅས་བྱེད་དགོས།
སློབ་གསོ་སྟོབས་ལྡན་དུ་གཏོང་བར་སྔོན་ལ་ངེས་པར་དུ་དགེ་རྒན་གྱི་དཔུང་ཁག་སྟོབས་ལྡན་དུ་གཏོང་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་རྨང་གཞིའི་ལས་དོན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དགེ་རྒན་གྱི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ། ཀུན་སྤྱོད་བཟང་བ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་མཐུན། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།