སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ནུས་ཁུངས་གསར་བརྗེ་ལ་སྐུལ་སྤེལ་ཟབ་མོ་བྱེད་དགོས”ཞེས་བསྟན་ཡོད། ནུས་ཁུངས་ནི་བཟོ་ལས་ཀྱི་རྒྱགས་ཕྱེ་ལྟ་བུ་དང་། རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ། དམངས་ཚིས་ལེགས་བཅོས་ཀྱི་འགན་སྲུང་ཞིག་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་དངོས་པོའི་རྨང་གཞི་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གཡུལ་ས་གཙོ་བོ་ཞིག་ཀྱང་ཡིན། ནུས་ཁུངས་གསར་བརྗེ་ལ་སྐུལ་འདེད་ཟབ་མོ་བཏང་ནས། རང་རྒྱལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ནུས་ཁུངས་བདེ་འཇགས་ཁག་ཐེག་བྱ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་། འཛམ་གླིང་སྟེང་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མཐོ་ཚད་ཐོག་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གནང་སྟེ། “གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་པ་བཏོན་པ་སྟེ། ནུས་ཁུངས་འཛད་སྤྱོད་གསར་བརྗེ་དང་། ནུས་ཁུངས་མཁོ་སྤྲོད་གསར་བརྗེ། ནུས་ཁུངས་ལག་རྩལ་གསར་བརྗེ། ནུས་ཁུངས་སྒྲིག་སྲོལ་གསར་བརྗེ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཁུངས་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་གསུངས།
རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་རྒྱུན་ཆད་མེད་པར་རྒྱལ་སྤྱིའི་དཔལ་འབྱོར་མ་ལག་ནང་འདྲེས་པར་བརྟེན། རང་རྒྱལ་གྱི་ནུས་ཁུངས་མཁོ་སྤྲོད་ཁོར་ཡུག་དང་ནུས་ཁུངས་བདེ་འཇགས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ནུས་ཁུངས་མཁོ་སྤྲོད་ཀྱི་རྣམ་པར་འགྱུར་ལྡོག་གསར་པ་དང་རྒྱལ་སྤྱིའི་ནུས་ཁུངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་མདུན་དུ། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་འགན་སྲུང་བྱེད་པར་ངེས་པར་དུ་ནུས་ཁུངས་གསར་བརྗེ་ལ་སྐུལ་འདེད་ནན་མོ་གཏོང་དགོས། འདི་ནི་ཡུན་རིང་གི་འཐབ་ཇུས་ཤིག་དང་། རང་རྒྱལ་གྱི་ནུས་ཁུངས་འཕེལ་རྒྱས་ཀྱི་རྒྱལ་ཇུས་ཤིག་ཡིན་ལ། ནུས་ཁུངས་བདེ་འཇགས་འགན་སྲུང་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་གཏོང་བའི་རྩ་བཅོས་ཐབས་ཇུས་ཤིག་ཀྱང་ཡིན། རྒྱལ་ནང་ལ་གཞི་ཚུགས་པ་དང་། ཞན་ཆ་ཁ་གསབ་པ། སྣེ་མང་འགན་སྲུང་བྱེད་པ། གསོག་འཇོག་ལ་ཤུགས་སྣོན་རྒྱག་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། མགྱོགས་མྱུར་སྒོས་རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཆར་འགོད་དང་འཛུགས་སྐྲུན་བྱེད་པ། ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་སྤྱི་འདོམས་བྱེད་པ། བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཉིང་རྡུལ་གློག་འཕེལ་རྒྱས་ཧུར་ཐག་གཏོང་བ། ནུས་ཁུངས་ཐོན་སྐྱེད་དང་མཁོ་སྤྲོད་གསོག་འཇོག་དང་བྲིན་ཚོང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ནུས་ཁུངས་རྒྱུན་མཐུད་དང་བརྟན་པོ། མཁོ་སྤྲོད་བཅས་དང་ཉེན་ཁ་དོ་དམ་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག ངེས་པར་དུ་རྡོ་སོལ་དྭངས་གཙང་ནུས་ཆེའི་སྒོ་ནས་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྣུམ་རླངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་གསོག་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། རྡོ་སོལ་སོགས་འགྱུར་རྡོའི་ནུས་ཁུངས་གཙང་མ་སྤྱོད་རྒྱུར་བརྟེན་ནས་བདེ་འཇགས་མཐའ་སྐྱོང་ཐུབ་པ་བྱས་ཏེ། ནུས་ཁུངས་མཁོ་སྤྲོད་བརྟན་པོ་དང་བློས་འགེལ་ཆོག་པ། བདེ་འཇགས་བཅས་ཡོང་བ་ཁག་ཐེག་བྱེད་དགོས།
དང་པོ། ནུས་ཁུངས་འཛད་སྤྱོད་གསར་བརྗེ་ལ་སྐུལ་འདེད་དང་། ལུགས་དང་མི་མཐུན་པའི་ནུས་ཁུངས་འཛད་སྤྱོད་བཀག་འགོག་བྱ་དགོས། རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པར་རྡོ་སོལ་དང་རྡོ་སྣུམ། སོལ་རླངས་བཅས་དཀོན་ཞིང་། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ་རྒྱུན་འཁྱོངས་དང་། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་བྱ་སྤྱོད་སྤེལ་བ་དེ་ནི་ང་ཚོ་གདམ་གསེས་མེད་པའི་ཐབས་ལམ་ཉག་ཅིག་ཡིན། ནུས་ཁུངས་ཟད་གྲོན་གྱི་སྤྱི་འབོར་དང་དྲག་ཚད་སྙོམས་སྒྲིག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་གཙོ་གནད་དུ་བཟུང་ནས་ཚོད་འཛིན་བྱས་ཏེ། རིམ་བཞིན་ཐཱན་ཕྱིར་གཏོང་གི་སྤྱི་འབོར་དང་དྲག་ཚད“ཚོད་འཛིན་གཉིས”ཀྱི་ལམ་ལུགས་སུ་བསྒྱུར་དགོས། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་། སྦགས་བཙོག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་འཇལ་བ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་བསྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། ནུས་ཁུངས་གྲོན་ཆུང་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་བྱེད་ཕྱོགས་དོན་འཁྱོལ་ནུས་ལྡན་དང་། ནུས་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ནུས་ཁུངས་ཐོན་ཁུངས་བེད་སྤྱོད་བྱ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རིམ་ཡོངས་དང་། ཁྱབ་ཁོངས་སོ་སོ། རིམ་པ་སོ་སོ་བཅས་སུ་ཁྱབ་པར་བྱེད་པ་དང་། ཧུར་བརྩོན་གྲོན་ཆུང་གི་འཛད་སྤྱོད་ལྟ་བ་བཙུགས་ནས། ནུས་ཁུངས་གྲོན་ཆུང་ཅན་གྱི་སྤྱི་ཚོགས་མགྱོགས་མྱུར་གྱིས་ཆགས་པར་བྱ་དགོས།
གཉིས་པ། ནུས་ཁུངས་མཁོ་སྤྲོད་ཀྱི་གསར་བརྗེ་ལ་སྐུལ་འདེད་བཏང་ནས་སྣ་མང་མཁོ་སྤྲོད་ཀྱི་མ་ལག་འཛུགས་དགོས། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་སྲོལ་རྒྱུན་གྱི་ནུས་ཁུངས་དེ་ནུས་ཁུངས་གསར་པའི་བདེ་འཇགས་དང་བློས་འགེལ་ཆོག་པའི་ཚབ་བྱེད་རྨང་གཞིའི་ཐོག་འཇོག་དགོས། ནུས་ཁུངས་གསར་པ་དང་ནུས་ཁུངས་གཙང་མ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། འོད་ཀྱི་ནུས་ཁུངས་དང་། ཀུའེ་ཡི་ནུས་ཁུངས། ཆིང་གི་ནུས་ཁུངས་བཅས་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། བསྐྱར་སྤྱོད་རུང་བའི་ནུས་ཁུངས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྡོ་སོལ་ལས་བཟོས་པའི་སྣུམ་རླངས་འཐབ་ཇུས་རྟེན་གཞིའི་འཆར་འགོད་བཀོད་སྒྲིག་དང་དོ་དམ་ཚོད་འཛིན་ལེགས་པོ་བྱ་དགོས་ལ། ནུས་ཁུངས་ཀྱི་འཕྲལ་སྒྲུབ་མ་ལག་དང་ནུས་པ་འཛུགས་སྐྲུན་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། རྒྱལ་ནང་གི་སྣ་མང་མཁོ་སྤྲོད་ལ་གཞི་ཚུགས་ཏེ་ནུས་ཁུངས་བདེ་འཇགས་འགན་ལེན་བྱས་ནས་རྡོ་སོལ་དང་། སྣུམ། སོལ་རླངས། ཉིང་རྡུལ། ནུས་ཁུངས་གསར་པ། བསྐྱར་སྐྱེས་ནུས་ཁུངས་བཅས་ཀྱི་རེས་སྐོར་མང་བའི་ནུས་ཁུངས་མཁོ་སྤྲོད་མ་ལག་ཅིག་ཆགས་པར་བྱེད་དགོས།
གསུམ་པ། ནུས་ཁུངས་ལག་རྩལ་གསར་བརྗེ་ལ་སྐུལ་འདེད་བཏང་ནས་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱེད་དགོས། རང་རྒྱལ་གྱི་གནས་ཚུལ་དང“ཐཱན་གཉིས”ཀྱི་དམིགས་འབེན་ལས་འགན་ལ་སྐུལ་སྤེལ་བྱེད་པའི་དུས་ཚོད་རེའུ་མིག་ལ་གཞི་ཚུགས་པ་དང་། རྒྱལ་སྤྱིའི་ནུས་ཁུངས་ལག་རྩལ་གསར་བརྗེའི་འཕེལ་ཕྱོགས་གསར་པའི་རྗེས་སུ་བསྙེགས་པ། ལྗང་མདོག་ཐཱན་ཉུང་ཁ་ཕྱོགས་སུ་འཛིན་པ་བཅས་བྱས་ཏེ། ནུས་ཁུངས་ལག་རྩལ་དང་དེང་རབས་ཀྱི་ཆ་འཕྲིན། རྒྱུ་ཆ་གསར་པ་དང་སྔོན་ཐོན་གྱི་བཟོ་སྐྲུན་ལག་རྩལ་བཅས་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ་དང་། རིགས་དབྱེ་ནས་ལག་རྩལ་གསར་གཏོད་དང་། ཐོན་ལས་ཀྱི་མ་དཔེ་གསར་གཏོད། ཚོང་ལས་ཀྱི་མ་དཔེ་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ལས་ཀྱི་འབྲེལ་ཐག་ཇེ་རིང་དུ་གཏོང་དགོས་པ་མ་ཟད། ཁྱབ་ཁོངས་གཞན་དག་གི་མཐོ་གསར་ལག་རྩལ་དང་ཟུང་འབྲེལ་དམ་པོ་བྱས་ནས། ནུས་ཁུངས་ལག་རྩལ་དང་དེའི་འབྲེལ་ཡོད་ཐོན་ལས་གསོ་སྐྱོང་བྱས་ཏེ་རང་རྒྱལ་གྱི་ཐོན་ལས་རིམ་སྤར་ལ་སྐུལ་ཁྲིད་བྱེད་པའི་འཕར་གཞི་གསར་པར་འགྱུར་བར་བྱེད་དགོས།
བཞི་པ། ནུས་ཁུངས་སྒྲིག་སྲོལ་གསར་བརྗེ་ལ་སྐུལ་འདེད་བཏང་ནས་ནུས་ཁུངས་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུ་ཤར་གཏོང་ཐུབ་པ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། ནུས་ལྡན་འགྲན་རྩོད་ཀྱི་ཁྲོམ་རའི་གྲུབ་ཆ་དང་ཁྲོམ་རའི་མ་ལག་བཙུགས་ཏེ། གཙོ་བོ་ཁྲོམ་རས་ནུས་ཁུངས་རིན་གོང་གཏན་འཁེལ་བྱེད་པའི་ལམ་སྲོལ་ཆགས་པར་བྱེད་པ་དང་། སྲིད་གཞུང་གིས་ནུས་ཁུངས་ལྟ་སྐུལ་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ། ནུས་ཁུངས་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་དྲ་བའི་གཉེར་སྐྱོང་ལམ་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། སྟོད་རྒྱུད་དུ་སྣུམ་རླངས་ཐོན་ཁུངས་གཙོ་བོ་ཡིན་པའི་ཐབས་ལམ་མང་པོར་བརྟེན་ཏེ་མཁོ་སྤྲོད་བྱེད་པ་དང་། བར་དཀྱིལ་དུ་གཅིག་གྱུར་གྱི་སྦུག་ལམ་དྲ་བ་ནུས་ཆེའི་ངང་འདྲེན་པ། སྨད་རྒྱུད་དུ་བྲིན་ཚོང་ཁྲོམ་རའི་འགྲན་རྩོད་གང་ལེགས་བྱེད་པ་བཅས་ཀྱི་སྣུམ་རླངས་ཁྲོམ་རའི་མ་ལག་ཅིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
ལྔ་བ། ཕྱོགས་ཡོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྒོ་འབྱེད་ཆ་རྐྱེན་འོག་གི་ནུས་ཁུངས་བདེ་འཇགས་མངོན་འགྱུར་ཡོང་བ་བྱེད་དགོས། གཙོ་བོར་རྒྱལ་ནང་ལ་གཞི་ཚུགས་པའི་སྔོན་འགྲོའི་ཆ་རྐྱེན་འོག ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་དང་འབྲེལ་བ་ཡོད་པའི་ཕྱོགས་གང་ཅིའི་ཐད་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱ་དགོས། རྒྱལ་སྤྱིའི་ནུས་ཁུངས་ཁྲོམ་རར་ཐོན་པའི་གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པར་རྗེས་འདེད་དམ་ཟབ་དང་། ཕན་གཉེར་གནོད་གཡོལ། མགྱོགས་མྱུར་སྒོས་རྡོ་སྣུམ་འཐབ་ཇུས་གསོག་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱུན་ལྡན་མིན་པའི་ནུས་ཁུངས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱ་དགོས། “རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་མཉམ་ལས་ལ་དངོས་གནས་སྐུལ་འདེད་གཏོང་བ་དང་། སྣུམ་རླངས་ནང་འདྲེན་གྱི་འབྱུང་ཁུངས་སྣ་མང་རྒྱ་སྐྱེད་གཏོང་བ། འཐབ་ཇུས་ཀྱི་བགྲོད་ལམ་དང་འགག་རྩའི་རིམ་པའི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།