དྲི་བ་གྱ་གཅིག ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གཏིང་ཟབ་ཏུ་སྤེལ་བར་བླང་བྱ་གཙོ་བོ་གང་དག་ཡོད་དམ།
2023.06.07 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 27

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གཏིང་ཟབ་ཏུ་སྤེལ་དགོས”ཞེས་ནན་བཤད་གནང་ཡོད། དེ་ནི་རྗེས་ཕྱོགས་སྔར་ལས་ནུས་པ་ཡོད་པ་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལས་དོན་སྤེལ་རྒྱུར་བཏོན་པའི་བླང་བྱ་གལ་ཆེན་ཞིག་རེད།

ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལས་དོན་སྤེལ་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། བཀོད་སྒྲིག་གནང་བ། སྐུ་དངོས་སུ་སྐུལ་འདེད་གཏོང་བ་བཅས་ཀྱི་ལམ་ལུགས་བཀོད་སྒྲིག་དང་བཅོས་སྒྱུར་གྱི་བྱ་ཐབས་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལམ་ལུགས་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་དང་ལམ་ལུགས་རང་བཞིན་གྱི་འགན་ལེན་ཞིག་རེད། 2015ལོར་ལམ་ལུགས་དེ་དངོས་སུ་བཙུགས་པ་ནས་བཟུང་། ཞིང་ཆེན་སོ་གཅིག(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ཆེན་མོའི་རེས་སྐོར་གཉིས་ཀྱི་ལྟ་ཞིབ་ཁྱོན་ཡོངས་ལ་ཁྱབ་པ་དང་། རེས་སྐོར་གཉིས་པའི་ལྟ་ཞིབ་ཀྱིས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གཉིས་དང་ཀྲུང་དབྱང་ཁེ་ལས་དྲུག་ལྟ་ཞིབ་ཁྱབ་ཁོངས་ནང་བཅུག་པ་རེད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ནུས་ལྡན་འོག ཀན་སུའུ་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་གཏོར་བརླག་དང་། ཧྲའན་ཞི་ཆིན་ལིང་བྱང་འདབས་ཀྱི་ཞི་ཨན་ས་ཁོངས་སུ་སྒྲིག་འགལ་ངང་བྱེས་བྲང་འཛུགས་སྐྲུན་དང་། མཚོ་སྔོན་མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་བྱས་པ། ཅི་ལིན་ཁྲང་པའེ་རི་བོའི་གོར་ཧྥུ་གྲུ་གུ་རྩེད་ས་དང་དེ་མིན་བྱེས་བྲང་སོགས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནོན་ཤུགས་བརྒྱུད་འདྲེན་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བྱས་ཡོད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཤུགས་རྒྱག་ས་ནི་གཤམ་གསལ་ཕྱོགས་དྲུག་ནས་དམ་འཛིན་བྱེད་དགོས།

དང་པོ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་ལྟེ་བའི་ཕྱོགས་སྟོན་དུ་འཛིན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་དོན་རྐྱེན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་རྩ་བ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

གཉིས་པ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་ལྟ་ཞིབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ལྟ་ཞིབ་བྱེད་པར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་བ་དེ་མིག་མཐོང་ལག་ཟིན་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཆུ་བཙོག་དྲི་བྲོ་བ་དང་། གད་སྙིགས་གང་བྱུང་དུ་སྤུངས་པ། སྣུམ་གྱི་དུ་བ་དང་དྲི་ངན་བྲོ་བ། སྐད་ཅོར་གྱིས་དམངས་ལ་སུན་སྣང་སློང་བ་སོགས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཕར་བལྟས་ཚོད་དུ་དོ་སྣང་དེ་ཙམ་མི་བྱེད་པར་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི“གནད་དོན་ཆུང་ངུ”དེ་ལྟ་ཞིབ་དང་དོ་ཁུར་བྱེད་པའི་དོན་ཆེན་ཞིག་ཏུ་བརྩི་དགོས།

གསུམ་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོར་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་དུས་ཚོད་དང་ཚད་གཞི། ཕན་འབྲས་བཅས་དམ་འཛིན་ཡག་པོ་བྱེད་པ་དང་། ལྟ་ཞིབ་ཀྱི་ཁ་ཕྱོགས་དང་གཙོ་གནད་དེ་རྫུན་མེད་སྟོང་མེད་ཡོང་བའི་འགན་ལེན་བྱེད་དགོས། བྱ་བའི་ཐབས་ཇུས་དང་བྱ་ཐབས་ལ་སྣང་ཆེན་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་། དམངས་ཚིས་འགན་སྲུང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་སྒྲུབ་དགོས། གཙོ་གནད་འབུར་ཐོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དོན་འཁྱོལ་བྱས་ཚུལ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་ཏེ་ལྟ་ཞིབ་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཁྲོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་སྒོས་དོ་ཁུར་བྱེད་པ། ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་། སྤྱི་ཚོགས་ཀྱིས་དོ་ཁུར། མང་ཚོགས་ཀྱིས་དོ་ཁུར་བྱེད་པ་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ལྟ་ཞིབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

བཞི་པ། གནད་དོན་གྱི་ཁྲིད་ཕྱོགས་དང་གཟབ་ནན་གྱི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱེད་དགོས། ལྟ་ཞིབ་ཞེས་པ་ནི་གནད་དོན་ལ་དམིགས་པ་དང་འགན་འཁྲི་ཁུར་ནས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་འབུར་ཐོན་འགལ་བ་དང་གནད་དོན་གལ་ཆེན་ལ་དམ་པོར་དམིགས་པ་དང་། མཁྲེགས་སར་གཏུག་ཕོད་པ། དཔེ་མཚོན་གྱི་གྱོད་གཞི་ཆེ་གྲས་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། ཟིལ་གནོན་གྱི་ནུས་པ་ཆེན་པོ་འདོན་སྤེལ་བྱེད་པ་བཅས་རེད། “གཟབ་ནན”ཆ་འཕྲིན་ཡོངས་བསྒྲགས་ཐད་ལྟ་ཞིབ་བཅའ་སྡོད་བཀོད་སྒྲིག་དང་། སྙན་ཞུའི་ནང་དོན་གཙོ་བོ། དག་ཐེར་ཇུས་གཞི། དོན་འཁྱོལ་བྱས་ཚུལ་བཅས་ཚང་མ་བླང་བྱ་ལྟར་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱེད་པ་དང་། “གཟབ་ནན”ཞེས་པ་ལྟ་ཞིབ་སྙན་ཞུའི་ནང་གཟབ་ནན་གྱིས་གནད་དོན་སྟོན་དགོས་ལ་དེའི་རྒྱབ་ཀྱི་རྒྱུ་རྐྱེན་དང་འགན་འཁྲི་ལ་དབྱེ་ཞིབ་གཏིང་ཟབ་ཀྱང་བྱེད་དགོས། “གཟབ་ནན”སྒོས་གྱོད་དཔེ་དམར་རྗེན་དུ་བཏོན་པའི་ཐད་དཔེ་མཚོན་གྱོད་དཔེ་མུ་མཐུད་དུ་གཅིག་སྡུད་དམར་འདོན་བྱས་ནས། ཉེན་བརྡ་དང་ཟིལ་གནོན་གྱི་ནུས་པ་ཆེ་རུ་གཏོང་དགོས།

ལྔ་པ། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་ལ་ཁྲིམས་དང་མཐུན་པ་རྒྱུན་འཁྱོངས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་འབུར་ཐོན་འགལ་བ་དང་གནད་དོན་གལ་ཆེན་ལ་དམིགས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་མང་ཙམ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། འབྱུང་རྩ་ནས་ལྟ་ཞིབ་བྱེད་མཁས་པོ་བྱས་ཏེ་འཕེལ་རྒྱས་དང་སྲུང་སྐྱོབ་བར་གྱི་འབྲེལ་བ་དམ་འཛིན་ཡག་པོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ནས་ལྟ་ཞིབ་ཀྱི་ཚན་རིག་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཁྲིམས་སྐྱོང་བྱེད་ཐབས་སྤྱོད་པ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལྟ་ཞིབ་བཅས་བྱས་ནས། ལྟ་ཞིབ་བྱས་འབྲས་དེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་ཁག་ཐེག་བྱེད་དགོས། གནད་འཁེལ་དང་ཚན་རིག ཁྲིམས་ལྟར་ལྟ་ཞིབ་བཅས་བྱས་པ་བརྒྱུད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་གནས་པའི་སྐྱེ་ཁམས་ཁོར་ཡུག“ནད་ཚང”ལ་དམིགས་ནས། ལྟ་ཞིབ་བྱ་ཡུལ་ལ་ལྗང་མདོག་ཕྱོགས་སྒྱུར་ཁྲོད་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

དྲུག་པ། རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ནི་སྒོ་འབྱེད་ལམ་ལུགས་ཀྱི་མ་ལག་ཅིག་ཡིན་པས་གནས་བབ་གསར་པ་དང་། བླང་བྱ་གསར་པ། ལས་འགན་གསར་པ་བཅས་ལ་གཞིགས་ནས་ལྟ་ཞིབ་ཀྱི་ཉམས་མྱོང་རྒྱུན་མི་ཆད་པར་ཕྱོགས་སྡོམ་ནན་མོ་བྱེད་པ་དང་། ཁྲིམས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལྟ་ཞིབ་རྒྱུན་ཆད་མེད་པར་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག ལྟ་ཞིབ་དག་ཐེར་གྱི“མཇུག་གི་བྱ་གཞག”ཡག་པོ་སྒྲུབ་པ་དང་། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་གནད་དོན་ལ་དམ་པོར་དམིགས་ཏེ་དག་ཐེར་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།