དྲི་བ་གྱ་གསུམ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བ་མངོན་འགྱུར་བྱ་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.06.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 6

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བ་མངོན་འགྱུར་བྱ་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན ”ཞེས་བསྟན་ཡོད།  དེའི་ཐོག་ནས་ང་ཚོའི་ཏང་གིས“ཐཱན་གཉིས”ལས་དོན་གྱི་ཆོས་ཉིད་རང་བཞིན་དང་། དཀའ་ཚེགས་རང་བཞིན། དམིགས་འབེན་ལས་འགན་བཅས་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

“ཐཱན་གཉིས”མངོན་འགྱུར་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་གནས་བླང་བྱ་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ནས་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཆོད་གལ་ཆེན་ཞིག་ཡིན།   “ཐཱན་གཉིས”ཀྱི་ལས་དོན་ལ་མངོན་གསལ་དོད་པའི་རྒྱ་ཁྱབ་རང་བཞིན་ལྡན་པ་དང་།  གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ།“ཐཱན་གཉིས”མངོན་འགྱུར་བྱེད་པ་བཅས་ནི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་འབྲེལ་བ་ཡོད་པས། བལྟས་ནས་སྡོད་མཁན་སུ་ཡང་མེད་ལ།  སུས་ཀྱང་སྣང་མེད་དུ་འཇོག་མི་རུང་།  “ཐཱན་གཉིས”ཀྱི་ལས་དོན་ལ་མངོན་གསལ་དོད་པའི་བརྒྱུད་རིམ་རང་བཞིན་ལྡན་པ་དང་། “ཐཱན་གཉིས”མངོན་འགྱུར་བྱ་རྒྱུ་ནི་ཕྱོགས་མང་དང་། ལངས་གཟུགས།  རྙོག་འཛིང་ཆེ་བ་བཅས་ཀྱི་མ་ལག་ཚང་བའི་བཟོ་འགོད་ཅིག་ཡིན་པས། ཐཱན་ཉུང་གཏོང་ཁོ་ནར་དམིགས་ནས་ཐཱན་ཉུང་གཏོང་གླེང་བ་གཏན་ནས་མིན་པར། ཁྱབ་ཁོངས་སོ་སོས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་ལ་བརྟེན་ནས་མཉམ་དུ་ཤུགས་སྣོན་དགོས།   “ཐཱན་གཉིས”ཀྱི་ལས་དོན་ལ་གཏིང་ཟབ་པའི་འཕོ་འགྱུར་རང་བཞིན་ལྡན་པ་དང་།“ཐཱན་གཉིས”མངོན་འགྱུར་བྱ་རྒྱུ་ནི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ཐད་ཀྱི་རྩ་སློག་རང་བཞིན་གྱི་འགྱུར་ལྡོག་ཅིག་ཡིན་པས། ངེས་པར་དུ་ཐཱན་ཉུང་ཁྱད་ཆོས་ཡིན་པའི་གོ་ལ་ཧྲིལ་པོའི་རེས་སྐོར་གསར་པའི་ནུས་ཁུངས་དང་ཐོན་ལས་གསར་བརྗེའི་འཕེལ་ཕྱོགས་དང་བསྟུན་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་སྒྱུར་བཅོས་དང་།  ལས་ཕྱོད་སྒྱུར་བཅོས།  སྒུལ་ཤུགས་སྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་དགོས།

“ཐཱན་གཉིས”མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་དང་འབྲེལ་བ་ཡོད་པས།  མི་གཞན་གྱིས་ང་ཚོར་བསྒྲུབ་ཏུ་འཇུག་པ་མིན་པར། ང་ཚོ་རང་ཉིད་ཀྱིས་ངེས་པར་དུ་བསྒྲུབ་དགོས།  “ཐཱན་གཉིས”མངོན་འགྱུར་བྱེད་པ་དེས་རང་རྒྱལ་གྱི་དུས་ཡུན་རིང་བོར་ཐོན་སྐྱེད་འབོར་ཆེན་དང་། ཟད་གྲོན་འབོར་ཆེན། ཕྱིར་འབུད་འབོར་ཆེན་བཅས་ཀྱི་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་བསྒྱུར་ནས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་དང་དག་གཙང་ཐཱན་ཉུང་བདེ་འཇགས་དང་ལས་ཕྱོད་ཆེ་བའི་ནུས་ཁུངས་མ་ལག་མགྱོགས་མྱུར་ངང་ཆགས་པར་བྱེད་པ་དེ།  ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཇེ་ལྷོད་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་ཕན་པ་ཡོད། “ཐཱན་གཉིས”མངོན་འགྱུར་བྱ་རྒྱུ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བ་དང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མུ་མཐུད་དུ་ཆེ་རུ་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཡོད། “ཐཱན་གཉིས”མངོན་འགྱུར་བྱ་རྒྱུ་དེ་རང་རྒྱལ་གྱི་འགན་འཁྲི་འཁུར་ཕོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ཉམས་འགྱུར་མངོན་པ་དང་།  རྒྱལ་སྤྱིའི་ཐོག་རང་རྒྱལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བར་ཕན་པ་ཡོད།

“ཐཱན་གཉིས”མངོན་འགྱུར་བྱེད་པར་ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་དང་།  གྲོན་ཆུང་སྔོན་ལ་འཇོག་པ།  ཕྱོགས་གཉིས་མཐུན་སྦྱོར་བྱེད་པ། ཕྱི་ནང་ཤར་གཏོང་ཐུབ་པ། ཉེན་ཁ་འགོག་ཟོན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དང་། ཐོན་ཁུངས་ཀྱི་ཆ་རྐྱེན། ལག་རྩལ་གྱི་སྦས་ཤུགས།   ཁྲོམ་རའི་གསོན་ཤུགས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་གྲུབ་ཚུལ་དང་། ཐོན་སྐྱེད་བྱེད་སྟངས།  འཚོ་བ་རོལ་སྟངས། བར་སྟོང་གི་རྣམ་པ་བཅས་མགྱོགས་མྱུར་ངང་ཆགས་པར་བྱེད་དགོས།

དང་པོ། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ཡོང་བར་ཤུགས་སྣོན་ཏན་ཏིག་བྱེད་དགོས།    “ཐཱན་གཉིས”ཀྱི་ལས་དོན་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཅུག་ནས། རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་བསྐོས་ཐང་ལ་གཞི་ཚུགས་ཤིང་སྔོན་འཛུགས་རྗེས་ གཏོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་གྱི་བྱེད་སྒོ་ལག་བསྟར་བྱེད་དགོས།  འབྲེལ་ཡོད་འཆར་འགོད་དང་། ལག་བསྟར་ཇུས་གཞི། འགན་སྲུང་བྱེད་ཐབས་བཅས་མགྱོགས་མྱུར་སྒོས་གཏན་འབེབས་འགྲེམ་སྤེལ་བྱེད་པ་དང་།“ཐཱན་རྩེར་སོན་གྱི་བྱ་སྤྱོད་ཆེན་པོ་བཅུ” རྩ་འཛུགས་ལག་བསྟར་ཡག་པོ་བྱེད་པ།   ཚན་རིག་དང་མཐུན་པར་ཐཱན་རྩེར་སོན་གྱི་གོམ་སྟབས་ཁོང་དུ་ཆུད་པར་བྱེད་པ། འགན་འཁྲི་གཙོ་བོ་དང་། བྱ་བའི་ལས་འགན། ལེགས་འགྲུབ་དུས་ཡུན་བཅས་གསལ་བོ་བཟོས་ཏེ། བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་བྱེད་དགོས།

གཉིས་པ།  ནུས་ཁུངས་གསར་བརྗེ་གཏིང་ཟབ་ཏུ་སྤེལ་དགོས། རང་རྒྱལ་དུ་རྡོ་སོལ་མང་བ་དང་། རྡོ་སྣུམ་དཀོན་པ།  སོལ་རླངས་ཉུང་བ་བཅས་ཀྱི་དོན་དངོས་ལ་གཞིགས་ནས། རྡོ་སོལ་སྦགས་མེད་ཆོད་ཆེའི་སྒོ་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། རྡོ་སོལ་འཛད་སྤྱོད་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། སྣུམ་རླངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་གསོག་སྣོན་ཐོན་འཕར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རྒྱལ་ནང་གི་ནུས་ཁུངས་ཐོན་སྐྱེད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ནུས་ཁུངས་རང་བདག་མཁོ་སྤྲོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ནུས་ཁུངས་གསར་པའི་མ་ལག་འཆར་འགོད་དང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཉིང་གློག་འཕེལ་རྒྱས་ཧུར་ཐག་གཏོང་བ། ནུས་ཁུངས་ཐོན་སྐྱེད་མཁོ་སྤྲོད་གསོག་ཉར་ཕྱིར་འཚོང་བཅས་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནུས་ཁུངས་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས།

གསུམ་པ། ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། རེས་སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་སྦྲེལ་དྲ་བ་དང་གཞི་གྲངས་ཆེན་པོ། མིས་བཟོས་རིག་ནུས།  སྤོ་སྒུལ་འཕྲིན་གཏོང་རབས་ལྔ་པ(5G)སོགས་གསར་དར་ལག་རྩལ་དེ་ལྗང་མདོག་ཐཱན་ཉུང་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་བཟོ་སྐྲུན་མ་ལག་དང་ཞབས་ཞུའི་མ་ལག་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་དགོས། བཟོ་ལས་དང་། བཟོ་སྐྲུན། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་དག་གཙང་ཐཱན་ཉུང་རིགས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། གྲོན་ཆུང་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་། ཡ་རབས་སྐྱོན་བྲལ་བཅས་ཀྱི་འཚོ་བ་རོལ་སྟངས་དར་སྤེལ་བཏང་ནས། དམངས་ཡོངས་ཀྱི་གྲོན་ཆུང་འདུ་ཤེས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཐཱན་གྱི་མཚོན་རྟགས་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ། ལྗང་མདོག་ཐཱན་ཉུང་གི་འཛད་སྤྱོད་ལ་ཁྲིད་སྟོན་བཅས་བྱས་ཏེ། དམངས་ཡོངས་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

བཞི་པ། ལྗང་མདོག་ཐཱན་ཉུང་གི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། ནུས་ཁུངས་ཟད་གྲོན་གྱི་སྤྱི་འབོར་དང་དྲག་ཚད་སྙོམས་སྒྲིག་འཐུས་ཚང་དུ་གཏོང་བ་དང་། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་གཙོ་གནད་དུ་བཟུང་ནས་ཚོད་འཛིན་བྱས་ཏེ། རིམ་བཞིན་ཐཱན་འབུད་གཏོང་གི་སྤྱི་འབོར་དང་དྲག་ཚད“ཚོད་འཛིན་གཉིས”ཀྱི་ལམ་ལུགས་སུ་བསྒྱུར་དགོས།  “ཐཱན་གཉིས་”ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་།  ཐཱན་འབུད་གཏོང་གི་བསྡོམས་རྩིས་རྩིས་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐཱན་འབུད་དབང་གི་ཁྲོམ་རའི་ཉོ་ཚོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐཱན་གྱི་རིན་གོང་གཏན་འབེབས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ།   སྐྱེ་ཁམས་མ་ལག་གི་ཐཱན་སྡུད་ནུས་པ་ཆེ་རུ་གཏོང་དགོས།

ལྔ་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་དགོས།  སྔར་ལས་ཧུར་བརྩོན་གྱི་རྣམ་འགྱུར་ཐོག་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་གྲོས་མོལ་གྱི་གྲོས་རིམ་དང་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་བྱེད་པར་ཞུགས་ཏེ། དྲང་གཞག་ལུགས་མཐུན་དང་། མཉམ་ལས་མཉམ་རྒྱལ་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། མཉམ་ལས་དང་འཐབ་རྩོད་གཅིག་གྱུར་གྱིས་འཆར་འགོད་དང་། རང་རྒྱལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནས་ཐིག་གཏན་འཁེལ་རྒྱུན་འཁྱོངས། ཐུན་མོང་ཡིན་ཡང་དབྱེ་བ་ཡོད་པའི་འགན་འཁྲིའི་རྩ་དོན་དང་། དྲང་གཞག་གི་རྩ་དོན། རང་སོ་སོའི་ནུས་པ་ལྡན་པའི་རྩ་དོན་བཅས་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་འཕེལ་རྒྱས་ཀྱི་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་ལུགས་མཐུན་མིན་པའི“ཐཱན་གྱིས་ཐེ་གཏོགས་བྱེད་པའི”རེ་ཞུ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།