—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
“འགོ་རྩོམ་ས་གསར་པའི་སྟེང་རིག་གནས་དར་རྒྱས་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་ནི་ང་ཚོའི་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཞིག་ཡིན།” ཟླ6ཚེས2ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ནས། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་ཟབ་མོ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དེས་རིག་གནས་ཀྱི་རང་རྟོན་དང་རང་སྟོབས་ཇེ་བརྟན་དུ་གཏོང་བ་དང་། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་སྔར་ལས་ཡག་པོ་འཁུར་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་ཆེད། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད།
རིག་གནས་དར་ན་རྒྱལ་ཁབ་དར་བ་དང་རིག་གནས་སྟོབས་ཆེར་སོང་ན་མི་རིགས་སྟོབས་ཆེར་འགྲོ་ངེས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་འཛུགས་སྐྲུན་བྱ་རྒྱུ་དེ་བྱ་བ་སྤྱི་ཡོངས་ཀྱི་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ། ཀྲུང་ཧྭའི་རིག་གནས་ཀྱི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྲུན་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བདེན་སྲུང་གསར་སྐྲུན་ཁྲོད་ཀྲུང་ཧྭའི་རིག་གནས་ཀྱི་རྣམ་པ་གསར་པ་གཏོད་པ་དང་ཀྲུང་ཧྭའི་དཔལ་ཡོན་གྱི་གསོན་ཤུགས་གསར་པ་འཕེལ་བ་བཅས་བྱས་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཆེད་དྲང་ནུས་ཆེན་པོ་འདོན་སྤྲོད་བྱས་ཡོད། ད་ལྟ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། ཀྲུང་ཧྭའི་རིག་གནས་ལ་དུས་རབས་ཀྱི་འོད་མདངས་གསར་པ་འཕྲོ་བ་དང་དབྱར་མཚོ་རྒྱས་པ་བཞིན་གྱི་སྐྱེ་སྟོབས་གསར་པ་མངོན་པ། ཀྲུང་ཧྭའི་དཔལ་ཡོན་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་ཀྱི་རང་རྟོན་མངོན་གསལ་སྒོས་ཆེ་རུ་ཕྱིན་པ་དང་། བསམ་པའི་ཉམས་འགྱུར་སྔར་ལས་སྟོབས་ཆེར་ཕྱིན་པ། སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གསར་གཏོད་སྙིང་སྟོབས་འཕེལ་བ་བཅས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་རླབས་ཆེན་ལོ་རྒྱུས་ཡིད་ཆེས་ཀྱིས་ཁེངས་པའི་ངང་རྩོམ་བཞིན་ཡོད།
དུས་རབས་གསར་པར་རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གྱི་རྩ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་ལྟེ་བའི་ཁ་སྒྱུར་ཕྱོགས་སྟོན་ལ་ཐུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བར་ཐུག་ཡོད། ཏང་དང་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་ལུགས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཁྱབ་ཁོངས་ནང་གི་བསམ་བློ་དང་རིག་གནས་ཕན་ཚུན་ཤུགས་རྐྱེན་ཐེབས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་འཕེལ་ཕྱོགས་དམ་འཛིན་གནད་ལ་འཁེལ་བ་གནང་བ་དང་། རིག་གནས་འཛུགས་སྐྲུན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན། ཁོང་གིས“འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ནི་རྒྱལ་ཁབ་ཀྱི་ཆེད་དུ་སེམས་པ་འཛུགས་པ་དང་མི་རིགས་ཀྱི་ཆེད་དུ་བླ་སྲོག་བསྐྲུན་པའི་བྱ་བ་ཞིག་ཡིན”ཞེས་ནན་བཤད་གནང་བ་དང་། “རིག་གནས་ཀྱི་རང་རྟོན་ནི་སྔར་ལས་རྨང་གཞི་དང་། སྔར་ལས་རྒྱ་ཁྱབ། སྔར་ལས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་ཅིག་ཡིན་པ”དང་། “རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཕེལ་རྒྱས་ཁྲོད་ཀྱི་ཆེས་གཞི་རྩ་དང་། ཆེས་ཟབ་པ། ཆེས་ཡུན་རིང་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན།” “རིག་གནས་ཀྱི་རང་རྟོན་ཆེན་པོ་མེད་པ་དང་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པོ་མེད་ན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་མི་སྲིད།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་འཛུགས་སྐྲུན་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་ནི་དུས་རབས་གསར་པར་ཏང་གི་འགོ་ཁྲིད་དེ་རིག་གནས་འཛུགས་སྐྲུན་ལག་ལེན་ཉམས་མྱོང་གི་གཞུང་ལུགས་ཀྱི་སྤྱི་བསྡོམས་ཡིན་ལ། བསམ་བློའི་རིག་གནས་དྲིལ་སྒྲོག་བྱ་བ་བཟང་པོ་སྒྲུབ་པའི་གཞི་རྩའི་སྲུང་བྱ་ཡིན་པ་དང་། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་ལག་བསྟར་བྱས་ཏེ་རྒྱུན་ཆད་མེད་པར་ཕུན་ཚོགས་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ནས། བསླབ་པ་ལག་ལེན་དང་སྦྱངས་པ་གོ་ཆོད་ཀྱིས་ཤེས་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་དེ། “རིག་གནས་ཀྱི་རང་རྟོན་དང་རང་སྟོབས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་གཏོད་དགོས”ཞེས་པར་དམིགས་ནས་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཞིག་ཡིན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་རྩ་བ་གཏིང་ཟབ་ཟུག་ཡོད་པས། དེ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་ཞིག་ཡིན་པ་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས། རིག་གནས་དར་རྒྱས་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ཚེ། ད་གཟོད་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་མི་ཆད་པར་བསྐངས་ནས། དངོས་པོ་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཐུབ། མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་ཏེ་འཐབ་ཇུས་གོ་སྐབས་དང་ཉམས་ཉེན་འགྲན་རྩོད་མཉམ་དུ་གནས་པ་དང་། གཏན་འཁེལ་མིན་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་པོའི་དུས་སྐབས་སུ་སླེབས་ཡོད་པས། ངེས་པར་དུ་རླུང་ཆེ་རླབས་དྲགས་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བའི་ཚོད་བགམ་ཆེན་མོ་ཐེག་ཐུབ་པའི་གྲ་སྒྲིག་བྱེད་དགོས། རིག་གནས་རང་རྟོན་རང་སྟོབས་རྒྱུན་འཁྱོངས་བྱས་ཏེ་རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་འཁུར་དགོས་པ་དང་། ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་དང་དེང་རབས་ཀྱི་ལེའུ་གསར་པ་བརྩམས་ན། ད་གཟོད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་མུ་མཐུད་དུ་མངོན་འགྱུར་བྱེད་ཐུབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། འགན་འཁྲི་ཏན་ཏིག་འཁུར་བ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་གཏོད་པར་ཐུན་མོང་གིས་འབད་བརྩོན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་བསྐྲུན་དགོས།” འགན་འཁྲི་གསར་པ་ཕྲག་ཏུ་འཁུར་བ་དང་སྐྱོད་ལམ་གསར་པར་འབད་པས་བསྐྱོད་དགོས་ཤིང་། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་ཡོང་བ་དང་། དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་སྐོར་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྔར་ལས་བརྟན་པའི་དད་སེམས་དང་། སྔར་ལས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། སྔར་ལས་ནུས་ལྡན་གྱི་བྱ་ཐབས་བཅས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་ཀྱིས་ཀྲུང་ཧྭའི་དཔལ་ཡོན་ལྡན་པའི་མངོན་གསལ་དོད་པའི་རྒྱུན་མཐུད་ཀྱི་རང་བཞིན་དང་། གསར་གཏོད་ཀྱི་རང་བཞིན། གཅིག་གྱུར་གྱི་རང་བཞིན། བསྟུན་མཁས་ཀྱི་རང་བཞིན། ཞི་བདེའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ལོ་རྒྱུས་ལག་ལེན་དང་དེང་རབས་ཀྱི་ལག་ལེན་ལ་གཞི་ཚུགས་ཏེ། ཀྲུང་གོའི་གནས་ལུགས་ལ་བརྟེན་ནས་ཀྲུང་གོའི་ཉམས་མྱོང་ལ་ཕྱོགས་སྡོམ་ཡག་པོ་བྱེད་པ་དང་། ཀྲུང་གོའི་ཉམས་མྱོང་ཀྲུང་གོའི་རིགས་པའི་གཞུང་ལུགས་སུ་རིམ་པ་སྤོར་དགོས། རིག་གནས་རང་རྟོགས་ལ་ཤུགས་སྣོན་བརྒྱབ་སྟེ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པའི་དོན་སྙིང་གལ་ཆེན་དང་། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྡུད། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་གཏོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་ལ་དམིགས་ནས་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་བཅས་སུ་འཕེལ་རྒྱས་གཏོང་དགོས། མི་རིགས་དང་ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱིས་རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད།
དེང་རབས་ཀྱི་ཀྲུང་གོའི་རི་ཀླུང་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་པ་དང་། མི་དམངས་དཔའ་ངར་ཆེ་བ། མདུན་ལམ་ཡངས་པ་བཅས་ཡོད། ལོ་ངོ་ལྔ་སྟོང་ལྷག་ཙམ་རིང་གི་ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་ལྷོད་མེད་བྱས་ནས་བསགས་པའི་རིག་གནས་ཀྱི་འཚོ་བཅུད་བསྡུ་ལེན་བྱས་ནས། ང་ཚོས་རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུར་རྒྱུན་འཁྱོངས་བྱས་ཏེ། ཤིན་ཏུ་ཡངས་པའི་དུས་རབས་ཀྱི་གར་སྟེགས་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ནང་དོན། སྟོབས་ཆེ་བའི་མདུན་སྐྱོད་ཀྱི་སྒུལ་ཤུགས་བཅས་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་དང་ཁོང་དུ་ཆུད་པར་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ལ་ཡང་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་ཐོག་ནས་རིག་གནས་ཀྱི་ལས་འགན་གསར་པ་སྔར་ལས་ཡག་པོ་སྒྲུབ་པ་དང་། བདེན་སྲུང་གསར་སྐྲུན་གྱི་སྤྱོད་བཟང་དང་ངར་ཤུགས་བསྒྲིམས་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་ཧུར་ཐག་གིས་བསྐྲུན་ཏེ། ཀྲུང་ཧྭའི་རིགས་གནས་ཀྱི་བཀྲག་མདངས་གསར་པ་རྒྱུན་མི་ཆད་པར་གཏོད་པ་དང་མི་རིགས་བསྐྱར་དར་གྱི་ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།