སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“སྐྱེ་དངོས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ནས་ཡོང་བའི་དངོས་རིགས་ཀྱི་གནོད་འཚེ་འགོག་བཅོས་བྱ་དགོས་”ཞེས་བསྟན་ཡོད། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ནས་སྐྱེ་དངོས་བདེ་འཇགས་དོ་དམ་ལ་སྔར་ལས་མཐོང་ཆེན་བྱེད་དགོས།
སྐྱེ་དངོས་ཀྱི་བདེ་འཇགས་ནི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འཇགས་དང་འབྲེལ་བ་ཡོད་ལ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པས། རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། མིག་སྔར། སྲོལ་རྒྱུན་གྱི་སྐྱེ་དངོས་བདེ་འཇགས་ཀྱི་གནད་དོན་དང་སྐྱེ་དངོས་གསར་པའི་བདེ་འཇགས་ཀྱི་ཉེན་ཁ་ཕན་ཚུན་བསྣོལ་མར་དང་། མངའ་ཁོངས་ཕྱིའི་སྐྱེ་དངོས་ཀྱི་འཇིགས་སྐུལ་དང་ནང་ཁུལ་གྱི་སྐྱེ་དངོས་ཀྱི་ཉེན་ཁ་མཉམ་གནས། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ལ་ཁྱད་ཆོས་གསར་པ་མང་པོ་མངོན་ནས་འཛམ་གླིང་ཡོངས་དང་མིའི་རིགས་ལ་འཕྲད་པའི་འཚོ་གནས་དང་འཕེལ་རྒྱས་ཀྱི་འཇིགས་སྐུལ་གལ་ཆེན་གྲས་ཤིག་ཏུ་གྱུར་ཡོད། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ཀྱི་ནད་ཡམས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ལོ་བརྒྱའི་ནང་ཚབས་ཆེ་ཤོས་ཀྱི་འགོ་ནད་ཅིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་སྐྱེ་དངོས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་དགོས་གཏུགས་རང་བཞིན་གསལ་བོར་མངོན་ཡོད།
ཏང་ཀྲུང་དབྱང་གིས་སྐྱེ་དངོས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་བཀོད་སྒྲིག་ནང་བཅུག་སྟེ་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་འཐབ་ཇུས་བཏོན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ལས་དོན་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོར་ཧུར་ཐག་གིས་ཁ་གཏད་འཇལ་བ། སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་པས། རང་རྒྱལ་གྱི་སྐྱེ་དངོས་བདེ་འཇགས་ཉེན་ཟོན་འདུ་ཤེས་དང་འགོག་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ཀྱི་བཙན་འཛུལ་ལ་སྔོན་འགོག་ཚོད་འཛིན་ནན་མོ་བྱེད་པ་དང་། གཞི་རྒྱུ་སྒྱུར་བའི་སྐྱེ་དངོས་བདེ་འཇགས་དོ་དམ་འཐུས་ཚང་དུ་གཏོང་བ། སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས།
འོན་ཀྱང་རང་རྒྱལ་གྱི་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་མ་ལག་ལ་ད་དུང་ཞན་ཆ་ཡོད་པ་ངེས་པར་དུ་རིག་པ་གསལ་བོའི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བས་བརྩི་སྲུང་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་སྐྱེ་དངོས་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། སྐྱེ་དངོས་བདེ་འཇགས་ལས་དོན་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་དགོས།
དང་པོ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་གིས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པ་དང་། འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་ཞིབ་འཇུག་དང་ཇུས་འགོད་བྱ་རྒྱུར་ཤུགས་སྣོན་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་འཐབ་ཇུས་འཐུས་ཚང་དུ་གཏོང་དགོས། ཏང་ཨུས་འགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་གཞོགས་འདེགས་བྱེད་པ། སྤྱི་དམངས་ཟབ་ཞུགས་བྱེད་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ་བཅས་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་གི་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ་དང་། རིམ་པ་སོ་སོའི་སྐྱེ་དངོས་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་གྲུབ་ཚུལ་ལ་ཤུགས་སྣོན་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་དང་ལམ་ལུགས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྐྱེ་དངོས་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་དང་སློབ་གསོ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་བྱེད་པའི་འདུ་ཤེས་འཛིན་སྟངས་མཐོ་རུ་གཏོང་དགོས།
གཉིས་པ། མ་ལག་བཅོས་སྐྱོང་དང་ཁྱོན་ཡོངས་ཀྱི་སྦྲེལ་ཐག་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བྱེད་དགོས། སྐྱེ་དངོས་བདེ་འཇགས་དོ་དམ་ནི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ། འཕྲལ་བསྟུན་ཐག་གཅོད། ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པ་སོགས་ཀྱི་མ་ལག་མང་པོ་དང་འབྲེལ་བ་ཡོད་པས། ངེས་པར་དུ་བསམ་གཞིགས་ཆ་ཚང་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པར་སྲིད་ཇུས་ལག་བསྟར་བྱེད་པ། གཅིག་གྱུར་འཆར་འགོད་བཅས་བྱས་ནས་སྦྲེལ་ཐག་ཧྲིལ་པོ་བཅོས་སྐྱོང་དང་དམ་འཛིན་ལེགས་པོ་བྱེད་དགོས། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡའི་མ་ལག་འཐུས་ཚང་དུ་བཏང་ནས། གཞི་རིམ་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་བསྐྲུན་པ་གཙོར་བཟུང་སྟེ་ཤུགས་སྣོན་བྱས་ནས་མཐའ་མའི་ཤེས་རྟོགས་ནུས་པ་ཆེ་རུ་གཏོང་དགོས། སྐྱེ་དངོས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གལ་ཆེན་གྱི་འཕྲལ་བསྟུན་གྲ་སྒྲིག་ཇུས་གཞི་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། འཕྲལ་བསྟུན་མྱུར་སྒྲུབ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། བབ་བསྟུན་དངོས་ཟོག་དང་ནུས་པ་གསོག་འཇོག་བྱེད་པར་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྒྲིག་བྱས་ནས་གཞི་རིམ་གྱི་ནུས་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས
གསུམ་པ། སྐྱེ་དངོས་བདེ་འཇགས་ཀྱི་གཙོ་གནད་ཉེན་ཁའི་ཁྱབ་ཁོངས་དམ་འཛིན་ནན་མོ་བྱེད་དགོས། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁའི་རིགས་མང་བ་དང་། གནོད་འཚེ་ཐེབས་ཚད་ཆེ་བས་ངེས་པར་དུ་གཞི་ཐིག་གི་བསམ་གཞིག་དང་ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་དགོས། སྐྱེ་དངོས་ཐོན་ཁུངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་ཐོན་ཁུངས་དང་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་དཀར་ཆག་གཏན་འབེབས་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་མཚམས་ནས་ནད་ཡམས་ཞིབ་བཤེར་བྱེད་པར་ཤུགས་སྣོན་བྱས་ནས། མངོན་མེད་ཉེན་ཁར་དབྱེ་ཞིབ་དང་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་མཚམས་ཀྱི་འགག་སྒོ་མཐའ་གཅིག་ཏུ་ནན་སྲུང་བྱ་དགོས། ཁྱབ་ཟིན་པ་མ་ཟད་གནོད་འཚེ་ཚབས་ཆེན་བཟོས་པའི་རིགས་ཀྱི་འབྱུང་རྩ་མཐིལ་རྟོགས་དང་གནད་སྨིན་བཅོས་སྐྱོང་། ནུས་ལྡན་ངང་མེད་པར་བཟོ་བ་བཅས་བྱེད་དགོས། རྒྱལ་ནང་གི་ནད་གཞིའི་སྐྱེ་དངོས་ཕྲ་རབ་ཚོད་ལྟ་ཁང་གི་སྐྱེ་དངོས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཚོད་ལྟའི་མ་དཔེ་དང་ཚོད་ལྟའི་སྲོག་ཆགས། ཚོད་ལྟའི་བྱེད་སྒོའི་སྙིགས་རོ་བཅས་ལ་དོ་དམ་ནན་པོ་བྱེད་དགོས།
བཞི་པ། སྐྱེ་དངོས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་ཅན་དུ་འགྱུར་བའི་བཀོལ་སྤྱོད་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། སྐྱེ་དངོས་ཚན་རྩལ་ནི་རྒྱལ་ཁབ་སོ་སོས་འགྲན་རྩོད་བྱེད་པའི་རྩེར་སོན་ཁྱབ་ཁོངས་སུ་གྱུར་ཡོད། སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་ཚན་རྩལ་རང་ཚུགས་རང་འཕེལ་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་བསྐྲུན་པ་དང་། སྐྱེ་དངོས་བདེ་འཇགས་ཀྱི་ཚན་ཞིབ་མཁྲེགས་གཏོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་དངོས་ལག་རྩལ་ཞིབ་འཇུག་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ། ཚན་རིག་ཞིབ་འཇུག་ལས་གཞིར་གནས་ལུགས་ལྟར་ཞིབ་བཤེར་དང་ཚན་རིག་མཁས་ཅན་ལ་ཀུན་སྤྱོད་སློབ་གསོ་ནན་མོ་གཏོང་དགོས། ཚན་རིག་ལ་བརྩི་འཇོག་དང་ལྟ་སྐུལ་དོ་དམ་ནན་མོ། ཁྲིམས་སྲོལ་སྒྲིག་སྲོལ། བདེ་འཇགས་འགན་ལེན་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག སྐྱེ་དངོས་ཀྱི་སོན་གསོ་དང་སྐྱེ་དངོས་ཀྱི་སྨན་བཟོ་སོགས་ཀྱི་ཁྱབ་ཁོངས་ཐོན་ལས་ཅན་གྱི་བཀོལ་སྤྱོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་དང་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་མཉམ་སྤྱོད་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། སྐྱེ་དངོས་འགོག་བཅོས་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་དང་བྱེད་སྟངས་གཅིག་སྡུད་དང་ཁྱབ་གདལ་གཏོང་དགོས།
ལྔ་པ། གོ་ལ་ཧྲིལ་པོའི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་དགོས། སྐྱེ་དངོས་བདེ་འཇགས་ཀྱི་གནད་དོན་ནི་མིའི་རིགས་ཡོངས་ཀྱི་མདུན་དུ་ལྷགས་པའི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཉེན་ཁ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཉིན་རེ་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྐྱེ་དངོས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། སྐྱེ་དངོས་བདེ་འཇགས་ཀྱི་སྲིད་ཇུས་བཟོ་བ་དང་ཉེན་ཁར་དཔྱད་འཇོག འཕྲལ་སྡོམ་དང་ལེན། ཆ་འཕྲིན་མཉམ་སྤྱོད། ནུས་པ་ཆེ་རུ་གཏོང་བ་སོགས་ཐད་ཀྱི་ཕྱོགས་མང་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་རིམ་གཉིས་པའི་ཚོགས་འདུ་ཡག་པོར་ཚོགས་ནས“2020ལོའི་རྗེས་ཀྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”བཟོས་ཏེ་འཛམ་གླིང་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་ལེགས་སྐྱེས་སུ་འབུལ་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།