“སྤྱོད་གཙང་ནི་སྲིད་སྐྱོང་གི་རྩ་བ་ཡིན” ཉེ་ལམ་ཚོགས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ལས་དོན་གྱི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་བརྗོད་དོན་སློབ་གསོར་ལེགས་གྲུབ་བྱེད་དགོས་པའི་ཕྱོགས་ལྔའི་ཐད་ཀྱི་དམིགས་འབེན་རྒྱས་བཤད་གཏིང་ཟབ་གནང་བ་རེད། དེའི་ནང་གི་དམིགས་འབེན་གཅིག་ནི། “སྤྱོད་གཙང་བཀའ་བརྩི་བྱས་ནས་སྲོལ་གསར་གཏོད”ཅེས་པ་དེ་རེད། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བར་ངེས་པར་དུ་དམིགས་འབེན་དེ་དམ་འཛིན་བྱས་ཏེ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་མི་འདང་ས་འཚོལ་བ་དང་། ཧེ་བག་འཚོལ་བ། ཁ་ཕྱོགས་གསལ་སྟོན་བཅས་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བར་སློབ་གསོའི་ཁྲིད་སྟོན་བྱེད་པ། “སྤྱོད་ཚུལ་བཞིར”མུ་མཐུད་དུ་ཡོ་བསྲང་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱ་རྒྱུ་དེ་གནས་བབ་དེ་བས་མངོན་གསལ་གྱི་སྟེང་དུ་འཇོག་པ། དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་གིས་དབང་ཆ་སྤྱོད་པ་བཅས་བྱེད་ཐུབ་པ། གཙང་མ་གཙང་རྐྱང་གི་བློ་མཐུན་འབྲེལ་བ་དང་། ཚུལ་ལྡན་གྱི་གོང་འོག་འབྲེལ་བ། ཁ་གསལ་གཅིག་གྱུར་གྱི་སྲིད་ཚོང་འབྲེལ་བ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོའི་སྣེ་ཁྲིད་པ་དང་། གསར་གཏོད་པ། སྲུང་སྐྱོང་བ་བཅས་ཡག་པོ་ཞིག་བྱེད་དགོས། སྤྱོད་གཙང་སྲིད་སྐྱོང་བྱས་ཚེ། གཞི་ནས་དམངས་ཀྱི་ཡིད་ཆེས་ཐོབ་ཐུབ། དབང་ཆ་དྲང་གཞག་ངང་སྤྱད་ཚེ། གཞི་ནས་མི་སེམས་ཐོབ་ཐུབ། སྤྱོད་གཙང་བཀའ་བརྩི་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ཡིན་ལ། རང་རེའི་ཏང་ལ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་མི་ཕམ་པའི་གནས་སུ་འགྲེང་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེའང་ཡིན།
མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ནི་ལྷན་སྐྱེས་ཞིག་མིན་ལ། དཀའ་བ་ཐེངས་གཅིག་སྤྱད་ནས་ཐོབ་པ་ཞིག་ཀྱང་མིན། ཐོག་མཐའ་བར་གསུམ་དུ་དམངས་སེམས་ཐོབ་པ་དང་དམངས་སེམས་ཡག་པོ་སྲུང་བར། ངེས་པར་དུ་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་། ཏང་གི་སྒྲིག་འཛུགས་ཐད་ཐོན་པའི་དུག་སྐྲན་མཐའ་དག་མེད་པར་བཟོ་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་རྒྱབ་འགལ་དུ་སོང་བ་དང་། ཏང་གི་རྨང་གཞིར་གཡོ་འགུལ་ཐེབས་པའི་ཉེན་ཁ་མཐའ་དག་ལ་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས། མིག་སྔར། ཏང་འཛུགས་སྐྲུན་དང་ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་སྔར་བཞིན་ངན་རེངས་རང་བཞིན་དང་རྒྱུན་མཐོང་རང་བཞིན་གྱི་གནད་དོན་མི་ཉུང་བ་ཡོད་པས། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པ་དང་། འཛུགས་གཏོར་མཉམ་བཟུང་དང་བཟང་སྤེལ་ངན་འཇོམས་ཀྱིས་དངོས་ཐོག་བདེན་འཚོལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་སྲོལ་གསར་བཏོད་དེ། ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་སྲིད་གཙང་། ཆབ་སྲིད་དྭངས་གསལ་བཅས་ཡོང་བའི་འགན་ལེན་བྱས་ཚེ། གཞི་ནས་རང་རེའི་ཏང་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ཁྲོད་དུ་འགྲེང་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་ཐུབ།
ཏང་ཡོངས་ཀྱི་བློ་མཐུན་ཚོས་ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བཟུང་ནས་ཆབ་སྲིད་ཀྱི་བརྟག་དཔྱད་དང་ལེན་དང་། ཆབ་སྲིད་ཀྱི་ཐལ་རྡུལ་གཙང་ཕྱགས། བྱ་སྤྱོད་ཀྱི་ནོར་འཛོལ་ཡོ་བསྲང་བཅས་བྱས་ཏེ་རྒྱུན་ཆད་མེད་པར་སྙིགས་རོ་བསྐྱུར་བ་དང་། ནད་དུག་སེལ་བ། སྦགས་བཙོག་སྔོན་འགོག་བཅས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དབང་ཆ་དམངས་ཀྱི་དོན་དུ་སྤྱོད་པ་དང་། མི་དམངས་ལ་བརྩེ་སེམས་འཆང་བ། དམངས་ཀྱི་དོན་དུ་ཁེ་ཕན་དོན་གཉེར་བྱེད་པ། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་། ཁ་དོག་ནམ་ཡང་མི་འགྱུར་བ། བྲོ་བ་ནམ་ཡང་མི་འགྱུར་བའི་འགན་ལེན་བཅས་བྱས་ཏེ། སྤྱོད་ཚུལ་བཟང་པོ་དང་གཟུགས་བརྙན་བཟང་པོར་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་གསར་པ་གཏོད་དགོས།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།