ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ནང་སོག་རང་སྐྱོང་ལྗོངས་ཀྱི་པཱ་ཡན་ནའོ་ཨར་གྲོང་ཁྱེར་དུ་རྟོག་ཞིབ་མཛད་དེ། ས་ངོས་བྱེ་འགྱུར་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་བྱེད་པ་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ས་ངོས་བྱེ་འགྱུར་གྱི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་བསྣན་ནས“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེ་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པས། བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བླ་ན་མེད་པའི་བྱ་གཞག་ཅིག་རེད། འགན་འཁྲི་ཁུར་ཕོད་པ་དང་། དཀའ་ངལ་ལ་མི་འཛེམ་པ། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ངོ་མཚར་གསར་པ་ཧུར་ཐག་གིས་བཏོད་དེ། མེས་རྒྱལ་གྱི་བྱང་རྒྱུད་མངའ་ཁོངས་ཀྱི་ལེ་དབར་ཁྲི་ཡི་ལྗང་མདོག་སྲུང་ར་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་པར་བྱ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་སུང་ཧྲའོ་ཁྲིན་དང་། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཝང་ལིས་ཞ་ཡི་ཕེབས་རོགས་འོག པཱ་ཡན་ནའོ་ཨར་གྲོང་ཁྱེར་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་། དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ། ནགས་ར། ཆུ་བེད་སྡེ་ཁག་སོགས་སུ་གཟིགས་ཞིབ་གནང་།
ཝུའུ་ལིང་སུའུ་ཧའེ་གཙང་པོ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་མཚོ་དང་མཚེའུ་ཡི་འདམ་ར་ཆེ་ཤོས་ཤིག་ཡིན་པ་དང་། རྨ་ཆུའི་ཆུ་འབོར་སྙོམས་སྒྲིག་དང་། ཆུ་སྤུས་གཙང་འགྱུར། འཁྱགས་རོམ་གཏོར་བཤང་དང་འབྲུབ་འགོག་སོགས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། དེ་ནི་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་ནུས་པའི་འབྲེལ་མཚམས་ཁུལ་མང་པོ་ཞིག་དང་། པེ་ཅིན་དང་ཐེན་ཅིན་གྱི་བྱེ་རླུང་མགོ་ཁུངས་ཚོད་འཛིན་བྱེད་པའི་རང་བྱུང་སྐྱེ་ཁམས་ཀྱི་སྲུང་ར་ཞིག་རེད། ཞི་ཅིན་ཕིང་དེ་གར་ཕེབས་ནས་ས་གནས་དེའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་། མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་དང་སྐྱེ་ཁམས་ཁོར་ཡུག་སླར་གསོ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཝུའུ་ལིང་སུའུ་ཧའེ་གཙང་པོའི་རང་བྱུང་གི་རྣམ་པ་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་ཝུའུ་ལིང་སུའུ་ཧའེ་གཙང་པོའི་འབབ་རྒྱུད་བཅོས་སྐྱོང་ཡག་པོ་བྱ་རྒྱུ་དེ་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཝུའུ་ལིང་སུའུ་ཧའེ་གཙང་པོ་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་ཁ་ཕྱོགས་གསལ་པོ་ཡིན་པས། བློ་རྩེ་གཅིག་སྒྲིམ་གྱིས་བཅོས་སྐྱོང་དང་། བློ་རྩེ་གཅིག་སྒྲིམ་གྱིས་སྲུང་སྐྱོབ། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ། “ལྕགས་རི་རིང་པོའི་ཕྱི་རོལ་གྱི་མུ་ཏིག”འདིར་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། ཕ་ཚ་བུ་རྒྱུད་ལ་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་། མཁའ་རླུང་གཙང་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
དེ་རྗེས། ཞི་ཅིན་ཕིང་ཝུའུ་ལིང་སུའུ་ཧའེ་གཙང་པོའི་ལྷོ་ངོས་སུ་ཡོད་པའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དུ་ཕེབས་ནས། ས་རྒྱུ་དང་ས་བོན་གྱི་མ་དཔེ་སོགས་ཀྱི་འགྲེམ་སྟོན་ལ་གཟིགས་ཞིབ་གནང་སྟེ། ས་གནས་དེ་གས་བ་ཚྭའི་ས་ངོས་བྱེ་འགྱུར་ལེགས་གཏོང་བསྒྱུར་བཀོད་དང་ཕྱོགས་བསྡུས་བེད་སྤྱོད། ཚན་རིག་དང་མཐུན་པའི་ངང་ཞིང་ཆུ་འདྲེན་པར་སྐུལ་འདེད་གཏོང་བ་བཅས་ཀྱིས་དེང་རབས་ཞིང་ལས་ཁྱབ་གདལ་བཏང་བར་ཁས་ལེན་མཛད། ཞི་ཅིན་ཕིང་ཞིང་ཁར་ཕེབས་ཏེ་གྲོ་དང་སུར་པན་སྐྱེ་འཚར་འབྱུང་ཚུལ་ལ་ཞིབ་གཟིགས་མཛད་པ་དང་ཡུལ་དངོས་ཀྱི་ཞིང་ལས་ལག་རྩལ་མི་སྣར་ཚད་གཞི་མཐོ་བའི་ས་ཞིང་འདེབས་འཛུགས་ཀྱི་གནས་ཚུལ་ཐད་བཀའ་འདྲི་གནང་། ཁོང་གིས། དཔེ་སྟོན་གླིང་ཁུལ་གྱིས་དེང་རབས་ཞིང་ལས་ཁྱབ་གདལ་གཏོང་བའི་ཐད་ནུས་པ་དངོས་འདོན་སྤེལ་བྱེད་པ་དང་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། གནས་དེར་འཚམ་པའི་ས་བོན་དང་ལག་རྩལ། རྨོ་འདེབས་བྱེད་སྟངས་བཅས་བཙལ་ནས། མ་གནས་དམའ་ཇེ་དམའ་དང་ཕན་འབྲས་ཇེ་མཐོ་རུ་གཏོང་ཐུབ་པར་བྱས་ཏེ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་གསོག་འཇོག་བྱ་དགོས། ཧི་ཐའོ་ས་ཁུལ་ལ་རང་བྱུང་གི་ཆ་རྐྱེན་བཟང་པོ་ཡོད་པས། ཆུ་མི་དཀོན་ཡང་ཆུའི་ཐོན་ཁུངས་ལ་གྲོན་ཆུང་བྱས་ཏེ། དེང་རབས་ཀྱི་ཕན་ནུས་ཆེ་བའི་ཞིང་ལས་དང་ཆུ་བེད་གྲོན་ཆུང་གི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་དགོས་པ་ལས་ཞིང་ཆུ་ལེབ་གཏོང་བྱེད་མི་རུང་། སྤྱིའི་ཆ་ནས་བལྟས་ན། ནང་སོག་རྩྭ་ཐང་སྟེང་ཕྱུགས་ཟོག་འཚོ་བ་ཚད་ལས་བརྒལ་ཡོད་པས། ཉམས་གསོ་སྐྱེ་འཕེལ་ལ་དོ་སྣང་བྱེད་དགོས་ཞེས་བསྟན།
ཞི་ཅིན་ཕིང་ལེན་ཧི་ས་ཁུལ་གྱི་གཞུང་གཉེར་ཤིན་ཧྭ་ནགས་རར་ཕེབས་ནས། “བྱང་གསུམ”འགོག་སྲུང་ནགས་ཚལ་མ་ལག་གི་བཟོ་སྐྲུན་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་། སྤྱི་ལོ1978ལོ་ནས་བཟུང་། ནགས་ར་དེས་རྨོ་ཞིང་བ་ཚྭ་ཅན་དུ་གྱུར་བའི་རྐྱེན་གྱིས་ས་ངོས་བྱེ་སར་འགྱུར་བའི་གནད་དོན་ཐག་གཅོད་བྱེད་མགོ་བརྩམས་པ་དང་། རིམ་རྩིས་བྱས་ན་ནགས་ཚལ་མུའུ་ཁྲི་གསུམ་དང་སྟོང་དགུ་གསར་དུ་བཙུགས་ཡོད། ནགས་ར་རུ། ཞི་ཅིན་ཕིང་གིས་ནང་སོག“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་དང་ནགས་རའི་བྱེ་བཅོས་ནགས་བཟོའི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པར་མ་ཟད། ཡུལ་དངོས་སུ་ཕེབས་ནས་བྱེ་བཅོས་གནས་ཚུལ་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་མིའི་རིགས་འཚོ་གནས་དང་གོང་འཕེལ་སྔར་ལས་ལེགས་པོ་ཡོང་བར་ངེས་པར་དུ་བྱེ་འགོག་བྱེ་བཅོས་བྱ་དགོས། དེ་ནི་རྦབ་རྡོ་གྱེན་ལ་ཟློག་པའི་བརྒྱུད་རིམ་ལྟ་བུ་ཞིག་ཡིན་པས་ལྷོད་གཡེང་སྤུ་ཙམ་ཤོར་ནའང་རྦབ་རྡོ་ཐུར་དུ་འགྲིལ་ཉེན་ཡོད། “བྱང་གསུམ”འགོག་སྲུང་ནགས་རའི་མ་ལག་འཛུགས་སྐྲུན་ལྟ་བུའི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཞིག་གི་ངོས་ནས་བརྗོད་ན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞི་ནས་སྒྲུབ་ཐུབ་པའི་བྱ་བ་ཞིག་རེད། བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་ལ་གཏོར་སྐྱོན་ཕོག་སླ་བ་དང་། བྱེ་འགོག་བྱེ་བཅོས་དེ་ཡང་དུས་ཡུན་རིང་བའི་ལོ་རྒྱུས་ལས་འགན་ཞིག་རེད། ང་ཚོས་ངེས་པར་དུ་ལས་དོན་དེ་དམ་འཛིན་ཡག་པོ་བྱས་ཐོག ང་ཚོའི་ཕ་ཚ་བུ་རྒྱུད་རྣམས་ལ་ངོ་གནོང་མི་དགོས་པ་བྱ་དགོས། ནགས་རར་ལས་དོན་སྒྲུབ་པར་དཀའ་ཚེགས་ཆེན་པོ་ཡོད་ལ་ཕན་འབྲས་ཀྱང་ཆེན་པོ་ཡོད་པས། ལས་དོན་དེ་མུ་མཐུད་དུ་ཡག་པོར་བསྒྲུབ་དགོས། ཚན་ཞིབ་ལས་དོན་པས་དཔྱད་རྩོམ་ས་གཞིའི་སྟེང་འབྲི་བ་དང་ལག་ལེན་གྱི་ཁྲོད་ནས་རྟོགས་པའི་ངེས་ཤེས་དེ་དཔྱད་རྩོམ་ལ་འགྱུར་བར་བྱེད་པ་དང་། ཏང་དང་མི་དམངས་ཀྱི་འབུམ་རམས་པ་ངོ་མ་དང་ཆེད་མཁས་པ་ངོ་མར་འགྱུར་བར་བྱ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་དེ་རྗེས་ཧི་ཐའོ་ཆུ་འདྲེན་ཁུལ་གྱི་ཆུ་འབོར་ཆ་འཕྲིན་ཅན་ལྟ་ཞིབ་ལྟེ་གནས་སུ་གཟིགས་ཞིབ་གནང་བར་ཕེབས་ཡོད། ཧི་ཐའོ་ཆུ་འདྲེན་ཁུལ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་ཆུ་འདྲེན་ཁུལ་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་། ད་ལྟ་ཆ་ལག་ཅུང་ཆ་ཚང་བའི་རིམ་པ་བདུན་ཅན་གྱི་ཆུ་འདྲེན་ཆུ་འབུད་མ་ལག་ཅིག་གྲུབ་ཡོད། ཞི་ཅིན་ཕིང་གིས་འཆར་འགོད་རི་མོ་དང་བརྙན་ཤེལ་སོགས་དང་ཟུང་འབྲེལ་གྱིས་ས་གནས་དེ་གས་ཆ་འཕྲིན་ཅན་གྱི་ཐབས་ལམ་སྤྱད་དེ། ཧི་ཐའོ་ཆུ་འདྲེན་ཁུལ་གྱིས་ཞིབ་ཕྲ་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་གནོད་མེད་དང་ནུས་ཕྱོད་མཐོན་པོས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་ཧི་ཐའོ་ཆུ་འདྲེན་ཁུལ་གྱི་ཆུ་གཏོང་བཟོ་སྐྲུན་ནི་ལོ་ངོ་སྟོང་གི་བྱ་གཞག་གི་རྨང་གཞི་ཞིག་རེད། དེའི་ཆེད་དུ་ང་ཚོས་བྱ་བ་མང་པོ་བསྒྲུབས་ཡོད་ལ་སྒྲུབ་རིན་ཡང་ཡོད་པ་ཞིག་རེད། མུ་མཐུད་དུ་འཐུས་ཚང་དང་ཇེ་ལེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་འབྱེད་བཀོད་གཏོང་གི་ཆུ་ཚད་མཐོ་རུ་གཏང་དགོས། དེ་དང་ཆབས་ཅིག་ཏུ་འཁོད་དཔག་ལེགས་སྒྲུབ་དང་། སྣ་མང་མཉམ་ཞུགས་ཀྱི་སྒྲིག་ལམ་བཟོས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ནང་མཉམ་ཞུགས་གང་ལེགས་བྱེད་ཐུབ་པ་བྱ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་པཱ་ཡན་ནའོ་ཨར་གྲོང་ཁྱེར་དུ་ས་ངོས་བྱེ་འགྱུར་གྱི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་བསྣན་པ་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཝང་ཀོང་ཧྭ་དང་། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་སུང་ཧྲའོ་ཁྲིན། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲིན། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལེང་ཡན་ཧྲོན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་དང་འབྲེལ་ཡོད་ཞིང་ལྗོངས་ཀྱི་འགན་འཁུར་བློ་མཐུན་གྱིས་ཡིག་ཐོག་གི་གཏམ་བཤད་ཞུ་འབུལ་བྱས།
ཚང་མའི་གཏམ་བཤད་ལ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་གིས་ས་ངོས་བྱེ་འགྱུར་འགོག་བཅོས་ལས་དོན་ལ་མཐོང་ཆེན་གནང་ནས། བྱེ་འགོག་བྱེ་བཅོས་བྱ་རྒྱུ་དེ་ས་ངོས་བྱེ་འགྱུར་འགོག་བཅོས་ཀྱི་ལས་འགན་གཙོ་བོར་བརྩིས་ནས། བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་གི་བཟོ་སྐྲུན་འཛུགས་སྐྲུན་དང་། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ། པེ་ཅིན་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་སོགས་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་ཁག་གཅིག་སྔ་རྗེས་སུ་ལག་བསྟར་བྱས་ཡོད། ལོ་ངོ40ལྷག་གི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་བྱེ་འགོག་བྱེ་བཅོས་ལས་དོན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། གཙོ་གནད་བཅོས་སྐྱོང་ཁུལ་དུ་བྱེ་ས་ཅན་དུ་གྱུར་ནས་མི་རྣམས་གནས་སྤོས་བྱེད་དགོས་པ་ནས་ལྗོན་ཤིང་བཙུགས་ཏེ་བྱེ་བཅོས་ཐུབ་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་དོ་མཉམ་གོང་འཕེལ་བྱུང་བ། ཐང་རྒོད་ཅན་དུ་འགྱུར་བའི་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་སྐྱེ་ཁམས་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཐང་རྒོད་ཅན་དང་ས་ཞིང་བྱེ་འགྱུར་ཅན་གཉིས་ཀ་ཉུང་འཕྲི་མངོན་འགྱུར་བྱུང་བ། བྱེ་རླུང་གི་གནོད་འཚེ་དང་ས་ཆུ་ཤོར་བར་ཚོད་འཛིན་ནུས་ལྡན་ཐུབ་པ། བྱེ་འགོག་བྱེ་བཅོས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། སྡོང་འཛུགས་དམངས་ཕན་གྱི་ཕན་འབྲས་མངོན་གསལ་དུ་ཕྱིན་པ། “བྱང་གསུམ་སྙིང་སྟོབས”བསྐྱེད་པ། སྐྱེ་ཁམས་བཅོས་སྐྱོང་གི་རྒྱལ་སྤྱིའི་དཔེ་མཚོན་བཏོད་པ་བཅས་བྱུང་ཡོད། བྱེ་འགོག་བྱེ་བཅོས་དང་ལྷག་པར་དུ“བྱང་གསུམ”སོགས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་ནི་ཤིན་ཏུ་ཡང་དག་པ་དང་མིག་རྒྱང་རིང་ལ་ཡུན་རིང་ལ་བསམ་བློ་བཏང་བ་ཞིག་ཡིན་པ་དང་། རང་རྒྱལ་གྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་འཚམ་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་ས་ཁུལ་གྱི་གནས་ཚུལ་དང་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བྱེ་འགོག་བྱེ་བཅོས་ཀྱི་ལམ་དུ་བསྐྱོད་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱས་ཡོད་ཅེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ས་ངོས་བྱེ་འགྱུར་ནི་མིའི་རིགས་འཚོ་གནས་དང་གོང་འཕེལ་ལ་ཤུགས་རྐྱེན་ངན་པ་བཟོ་བའི་འཛམ་གླིང་རང་བཞིན་གྱི་གལ་ཆེ་བའི་སྐྱེ་ཁམས་ཀྱི་གནད་དོན་ཞིག་རེད། རང་རྒྱལ་ནི་འཛམ་གླིང་སྟེང་ས་ངོས་བྱེ་འགྱུར་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ས་ངོས་བྱེ་འགྱུར་གྱི་ས་ཆ་དེ་དག་གཙོ་བོ་བྱང་གསུམ་ས་ཁུལ་དུ་ཁྱབ་པར་མ་ཟད། ས་ངོས་བྱེ་འགྱུར་གྱི་ས་ཁུལ་དེ་དག་དཔལ་འབྱོར་གོང་འཕེལ་འགྲོ་དལ་བ་དང་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་སོགས་ཀྱང་ཡིན། ས་ངོས་བྱེ་འགྱུར་དང་། བྱེ་རླུང་གི་གནོད་འཚེ། ས་ཆུ་ཤོར་བ་སོགས་ལས་ཐོན་པའི་སྐྱེ་ཁམས་གནོད་འཚེ་ཡིས་བྱང་གསུམ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་བཀག་རྒྱ་བཟོ་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་གོང་འཕེལ་ལ་ཡང་འགྲན་རྩོད་བཟོས་ཡོད། མིག་སྔར། རང་རྒྱལ་དུ་ས་ངོས་བྱེ་འགྱུར་གྱི་ས་ཆ་བཅོས་སྒྲིག་བྱེད་པའི་ཐད་སྤྱི་ཡོངས་ལེགས་སྒྱུར་དང་ལེགས་བཅོས་མྱུར་དུ་ཡོང་བའི་རྣམ་པ་བཟང་པོ་མངོན་བཞིན་ཡོད་མོད། འོན་ཀྱང་བྱེ་ས་ཅན་གྱི་གཞི་ཁྱོན་ཆེ་བ་དང་། ཁྱབ་རྒྱ་ཡངས་པ། ཚབས་ཆེ་བ། བཅོས་སྒྲིག་དཀའ་བ་སོགས་ཀྱི་གཞི་རྩའི་རྣམ་པར་རྩ་བའི་འགྱུར་ལྡོག་བྱུང་མེད། ཉེ་བའི་ལོ་གཉིས་རིང་། གནམ་གཤིས་འགྱུར་ལྡོག་རྒྱུན་ལྡན་མིན་པའི་དབང་གིས། རང་རྒྱལ་གྱི་བྱང་ཕྱོགས་སུ་བྱེ་རྡུལ་གྱི་གནམ་གཤིས་བྱུང་ཚད་ཅུང་མང་དུ་སོང་ཡོད། རང་རྒྱལ་དུ་ས་ངོས་བྱེ་འགྱུར་འགོག་བཅོས་དང་བྱེ་འགོག་བྱེ་བཅོས་ཀྱི་ལས་ཀའི་དུས་བབ་སྔར་བཞིན་ཛ་དྲག་ཡིན་པ་དོན་དངོས་ལས་ར་སྤྲོད་བྱས་ཡོད། ང་ཚོས་བྱེ་འགོག་བྱེ་བཅོས་ལས་དོན་གྱི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། བསྐྱར་ལྡོག་རང་བཞིན། ངེས་མེད་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ། ལངས་གནས་སྔར་ལས་མཐོ་རུ་གཏོང་བ་དང་། འགན་འཁྲིའི་བསམ་པ་དང་ཛ་དྲག་གི་བསམ་པ་ཆེ་རུ་གཏང་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་སྤྱི་ལོ2021ལོ་ནས2030ལོའི་བར་ནི“བྱང་གསུམ”བཟོ་སྐྲུན་དུས་མཚམས་དྲུག་པའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་སྒང་ཡིན་པས། དེ་ནི་བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་འགག་རྩའི་དུས་སྐབས་ཡིན་ལ། བྱང་གསུམ་བཟོ་སྐྲུན་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགག་གཏོར་གྱི་དུས་སྐབས་ཤིག་ཀྱང་ཡིན། ཆ་ལག་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བྱེ་འགོག་བྱེ་བཅོས་བྱ་རྒྱུ་དེ་ལས་དོན་གྱི་ཁ་ཕྱོགས་གཙོ་བོར་བརྩི་བ། བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ར་ཇེ་བརྟན་དུ་གཏོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་འཛིན་པ། ཡུལ་བབ་དང་བསྟུན་པ་དང་། གནོད་འཚེར་དམིགས་ནས་འགོག་སྲུང་བྱེད་པ། རིགས་དབྱེ་ནས་ཇུས་གཞི་འདིང་བ་བཅས་བྱེད་པ། མཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་པ་དང་། གཙོ་གནད་བཅོས་སྒྲིག་མངོན་གསལ་དོད་སར་འཇོག་པ། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བཅས་བྱས་ཏེ། ལོ་ངོ་བཅུ་ཙམ་གྱི་དུས་ཚོད་སྤྱད་ཐོག་བྱང་གསུམ་ལས་གཞིའི་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་ནས། བྱང་གསུམ་བཟོ་སྐྲུན་དེ་བྱེད་ནུས་ཆ་ཚང་ཞིང་རྨང་གཞི་བརྟན་པའི་མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་ལྗང་མདོག་གི་ལྕགས་རི་རིང་པོ་ཞིག་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ར་ཞིག་ཏུ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏང་དགོས། ནགས་ཚལ་དང་། རྩྭ་ཐང་། འདམ་ར། ས་ངོས་བྱེ་འགྱུར་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་མཐུན་སྦྱོར་བྱེད་པ་དང་བྱེ་བཅོས་དང་ཆུ་བཅོས། རི་བཅོས་བཅས་ཀྱི་གྲུབ་ཆ་ཆ་ཚང་མཐུན་སྦྱོར་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྐྱོན་བྲལ་བརྟན་ལྷིང་དང་། བྱེད་ནུས་ཚང་བའི་ནགས་ཚལ་དང་རྩྭ་ཐང་། འདམ་ར། ས་ངོས་བྱེ་འགྱུར་བཅས་ཀྱི་སྐྱེ་ཁམས་མ་ལག་གཅིག་གསོ་སྤེལ་ཏན་ཏིག་བྱ་དགོས། ས་ཁོངས་ཀྱི་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལས་བརྒལ་ཏེ། བྱེ་ཐང་གི་མཐའ་འགྲམ་དང་དབུས་ཁུལ། རླུང་སྒོ་སྟོད་སྨད་ཁུལ། བྱེ་མགོ་ཁུལ་དང་བརྒྱུད་ལམ་ཁུལ་བཅས་མཐུན་སྦྱོར་འཆར་འགོད་ཡག་པོ་བྱས་ནས། ས་ཚིགས་དང་ལམ་ཐིག་བཅས་ཕན་ཚུན་ཟུང་འབྲེལ་གྱི་སྐྱེ་ཁམས་སྲུང་ར་བསྐྲུན་དགོས། ཞིང་ལས་དང་ནགས་ལས། ཕྱུགས་ལས་བཅས་ཀྱི་ས་ཆ་བཀོལ་སྤྱོད་གྲུབ་གཞི་ལེགས་འགྱུར་བྱེད་པ་དང་། རྒྱལ་ཁོངས་ས་ཆའི་བར་ཁམས་བཀོལ་སྤྱོད་དོ་དམ་ཚོད་འཛིན་ནན་མོ་བྱེད་པ། དགོས་ངེས་ཀྱི་སྐྱེ་ཁམས་སྟོང་ཆ་འདང་ངེས་འཇོག་པ། ལས་སླ་མོར་ཐོབ་པ་མིན་པའི་རྩྭ་ཐང་དང་ནགས་ཚལ་ལ་སྲུང་སྐྱོབ་ཡག་པོ་བྱ་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་བཅོས་སྐྱོང་གི་གཙོ་གནད་མངོན་གསལ་ཡོང་བ་བྱས་ནས་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་རྒྱག་དགོས། རྨ་ཆུའི“ཅིས་ཙི་ཝན”མཁྲེགས་གཏོར་དམག་འཐབ་ནུས་ཤུགས་ཡོད་རྒུས་བརྒྱབ་ནས། མའོ་ཝུའུ་སུའུ་བྱེ་ཐང་དང་། ཁུའུ་པུའུ་ཆི་བྱེ་ཐང་། ཧི་ལན་རི་བོ་སོགས་གཙོ་གནད་དུ་བྱས་ཏེ་ས་ཁོངས་རང་བཞིན་གྱི་མ་ལག་བཅོས་སྐྱོང་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གཙང་པོ་དང་། མཚེའུ། འདམ་ར་བཅས་དང་རང་བྱུང་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱེད་པ། བྱེ་འགོག་བྱེ་བཅོས་དང་ཆུ་མགོ་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས། ནུས་ཤུགས་ཡོད་རྒུས་ཁི་འར་ཆིན་དང་ཧོང་ཧྲན་ཏ་ཁི་བྱེ་ཐང་ཆེན་པོ་གཉིས་ཀྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་བཟོ་སྐྲུན་ལས་གཞི་བཀོད་སྒྲིག་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་ངང་འགོག་རྒོལ་བྱ་དགོས། ཧི་ཞི་བར་ཁྱམས་དང་ཐཱ་ཁི་ལ་མ་ཀན་བྱེ་ཐང་མཐའ་ཁུལ་གྱི་འགོག་རྒོལ་ནུས་ཤུགས་ཡོད་རྒུས་བྱས་ནས། མདོ་ལ་རི་རྒྱུད་དང་ཐེན་ཧྲན། ཨའར་ཐའེ་རི་བོ། ཧི་ལན་རི་བོ། ལིག་ཕན་རི་བོ་སོགས་ས་ཁོངས་ཀྱི་རང་བྱུང་ནགས་ཚལ་དང་། རྩྭའི་སྔོ་ཁེབས་བཀག་སྡོམ་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ་ཞན་འགྱུར་ནགས་ཚལ་དང་ཞན་འགྱུར་རྩྭ་ཐང་ཉམས་གསོ་བྱ་རྒྱུར་ཤུགས་བསྣན་ནས་བྱེ་ཁོངས་རྒྱ་ཆེ་རུ་མི་འགྲོ་བ་འགན་ལེན་བྱ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་ངོས་བྱེ་འགྱུར་གྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་བརྟན་པོའི་རང་བཞིན་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས། ཆུའི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱས་ནས་ཆུ་ལ་བརྟེན་ནས་སྔོ་ལྗང་གཏན་འཁེལ་བྱེད་པ་དང་། ཆུ་ལ་བརྟེན་ནས་ས་ཞིང་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་མི་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་ཐོན་སྐྱེད་གཏན་འཁེལ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་ཆུའི་ཐོན་ཁུངས་དེ་འགྱུར་མེད་ཀྱི་ཚོད་འཛིན་ཆེ་ཤོས་སུ་བརྩིས་ནས། ཆུ་གྲོན་ཆུང་གི་ནགས་རྩྭ་འཕེལ་རྒྱས་ཤུགས་ཆེན་གཏང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྔོ་ཁེབས་སླར་གསོ་བྱེད་སྟངས་བདམས་ཏེ་ནགས་ཚལ་སྔོ་ཁེབས་རིགས་དང་ཁྱབ་ཚད་བཀོད་སྒྲིག་ལུགས་མཐུན་བྱེད་པ་སོགས་ཡུལ་བབ་དང་བསྟུན་པ་དང་། སྤྱོད་གོ་ཆོད་པའི་བཅོས་སྐྱོང་བྱེད་སྟངས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་སྤེལ་དང་བེད་སྤྱོད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ངང་སྤེལ་ནས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ངོས་བྱེ་འགྱུར་འགོག་བཅོས་ཀྱི་སྤྱི་ཆིངས》ལག་ལེན་དུ་བསྟར་ཏེ། གོ་ལ་ཧྲིལ་པོའི་ཐང་རྒོད་ཅན་གྱི་ཁོར་ཡུག་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་ནས། གཙོ་གནད་ཐོག་མཐའ་འཁོར་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་པ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ཀྱི་ས་ངོས་བྱེ་འགྱུར་གྱི་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་སོ་སོས་སྲིད་ཇུས་ཀྱི་སྐད་ཆ་བཤད་རེས་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་སྣེ་ཁྲིད་བྱེད་པ། བྱེ་རླུང་གི་གནོད་འཚེའི་གནམ་གཤིས་ལ་ཐུན་མོང་གིས་ཁ་གཏད་གཅོག་པ་བཅས་བྱེད་དགོས་པ་ནན་གྱིས་བསྟན།
མཇུག་མཐར་ཞི་ཅིན་ཕིང་གིས་“བྱང་གསུམ”བཟོ་སྐྲུན་ལག་བསྟར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་པ་དང་། ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་བྱ་བའི་ལམ་སྲོལ་རྒྱུན་འཁྱོངས་བྱེད་པ། སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བྱེད་པ། འབྲེལ་ཡོད་གཙོ་གནད་ལས་དོན་ལ་སྤྱི་འདོམས་མཛུབ་ཁྲིད་བྱེད་པ་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱ་དགོས། “བྱང་གསུམ”བཟོ་སྐྲུན་མ་དངུལ་གྱི་རྒྱབ་སྐྱོར་དང་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་འཐུས་ཚང་དུ་བཏང་ནས་བརྟན་ལ་རྒྱུན་མཐུད་ཀྱི་མ་འཇོག་ལམ་སྲོལ་འཛུགས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་འཆར་འགོད་གཅིག་མཐར་ཕྱིན་པ་བཟོ་བ་དང་། ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ། “བྱང་གསུམ”སོགས་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་ལ་སྙིང་རུས་ཆེན་པོས་སྐུལ་འདེད་བཏང་སྟེ་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏང་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་རྟོག་ཞིབ་ལ་ཕེབས་རོགས་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས།
ལིས་ཀན་ཅེ་སོགས་མཉམ་དུ་རྟོག་ཞིབ་གནང་བར་ཕེབས་པར་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཧི་ལིས་ཧྥུན་མཉམ་དུ་རྟོག་ཞིབ་ཏུ་ཕེབས་པ་དང་། མ་ཞེན་རོས་དང་དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།