ཏང་གི་འགོ་ཁྲིད་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་གཏན་འཁེལ་བྱེད་ཀྱིན་ཡོད།
2023.06.12 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཏང་གི་ངོ་བོ་དང་དམིགས་ཡུལ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི། དད་སེམས་དང་བློ་སེམས། སྲིད་ཇུས་ཀྱི་འདོད་ཚུལ་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པ་ལས་དེང་རབས་ཅན་གཞན་གང་ཡང་མིན་པ་གཏན་འཁེལ་བྱེད་ཀྱིན་ཡོད།

དེང་རབས་ཅན་མངོན་འགྱུར་བྱེད་པར་དང་ཐོག་བགྲོད་ལམ་གང་འདྲ་ཞིག་ཏུ་སྐྱོད་དགོས་པ་ཁ་གསལ་གཏན་འཁེལ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱེད་པ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩི་བ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ། མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དེ་རང་རྒྱལ་གྱི་དོན་དངོས་དང་མཐུན་པས། བགྲོད་ལམ་དེའི་ཐོག་བསྐྱོད་པ་ནི་འགྲིག་པ་དང་སྐྱོད་ཐུབ་པ་ཞིག་ཡིན་པ་མ་ཟད། ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་པ་ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་བྱུང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་། ཅི་ཞིག་བསྒྲུབ་དགོས་པའི”རྩ་བའི་གནད་དོན་འདི་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་དར་ཆ་གསལ་སྟོན་གྱིས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས”པ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱའི་དོན་ཚན་དང་པོར་བརྩིས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། དེར་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ཡོད་ལ། རང་རྒྱལ་ཁབ་ཀྱི་གནས་བབ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན་ཡོད”ཅེས་ནན་བཤད་གནང་བ་རེད།

ཉེ་ལམ།《བདེན་འཚོལ》དུས་དེབ་སྟེང་བཀོད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ། 《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན》ཞེས་པའི་ནང་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཕྱོགས་གང་ཅིའི་ཐད་ནས“ཏང་གི་འགོ་ཁྲིད་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་གཏན་འཁེལ་བྱེད་ཀྱིན་ཡོད”ཅེས་རྒྱས་བཤད་གཏིང་ཟབ་གནང་ཡོད།

བགྲོད་ལམ་གྱི་ངོས་ནས་བལྟས་ན། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་ལས་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་པ་མ་ཟད། དེར་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་དུས་རབས་ཀྱི་ནང་དོན་ཡང་རྒྱུན་ཆད་མེད་པར་བསྣན་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡང་དག་པའི་བགྲོད་ལམ་དུ་བདེ་བླག་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱས་ཡོད།

རིགས་པའི་གཞུང་ལུགས་ཀྱི་ངོས་ནས་བལྟས་ན། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་རྩ་བའི་མཛུབ་ཁྲིད་བསམ་བློར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ངོས་འཛིན་ཟམ་མི་ཆད་པར་ཇེ་ཟབ་ཏུ་བཏང་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་ཡོད།

ལམ་ལུགས་ཀྱི་ངོས་ནས་བལྟས་ན། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་སོགས་ཚུད་པའི་ལམ་ལུགས་ཀྱི་མ་ལག་ཆ་ཚང་ཞིག་གྲུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་མདུན་སྐྱོད་བྱ་ཆེད་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།

རིག་གནས་ཀྱི་ངོས་ནས་བལྟས་ན། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་པོར་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན་ལ། དུས་ཡུན་རིང་པོར་ལག་ལེན་ཁྲོད་ཞུན་བརྡར་བྱས་པའི་ཚན་རིག་དང་མཐུན་པའི་མཇུག་འབྲས་ཤིག་ཡིན། བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་མདུན་སྐྱོད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་ལེན་བྱེད་ཐུབ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།