སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་ཡོང་བའི་གཞི་རྩ་ཡིན་པ་དང་སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་སྟོབས་ལྡན་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་།རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་ཐམས་ཅད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས”ཞེས་ནན་བཤད་གནང་ཡོད། དེ་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ནང་ཐོག་མར་ཆེད་དུ་ལེའུ་བཀོད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་རྒྱས་བཤད་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད།དེ་ལས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱོན་ཡོངས་ཁྲོད་ཀྱི་གལ་ཆེའི་རང་བཞིན་གང་ལེགས་མཚོན་པ་དང་། རང་རེའི་ཏང་གིས་དུས་བསྟུན་འཕེལ་རྒྱས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ངོས་འཛིན་གཏིང་ཟབ་དང་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་མཚོན་རྟགས་གལ་ཆེན་ཞིག་རེད།
རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་འབུར་ཐོན་གྱི་གནད་དོན་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རང་རྒྱལ་གྱི་འཕེལ་རྒྱས་དུས་རབས་གསར་པར་སླེབས་ཡོད། དུས་རབས་གསར་པ་ནི་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་བའི་དུས་རབས་ཡིན་ལ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ།དེ་ནས་སྟོབས་ལྡན་དུ་འགྱུར་བར་སྐུལ་སྤེལ་གཏོང་བའི་རླབས་ཆེན་གྱི་འཕུར་མཆོང་གི་དུས་རབས་ཤིག་ཡིན།དུས་རབས་གསར་པར་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ལ་འཕྲད་པའི་དུས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་སྔར་བྱུང་མྱོང་བའི་ཕྱི་ཕྱོགས་ཀྱི་གནོན་ཤུགས་སྔར་ལས་མང་པོ་འཕྲད་ཡོད། དུས་མཚུངས་སུ། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་མི་འདང་བ་དང་ཉེན་ཁ་ཆེན་པོ་སྣ་ཚོགས་ལ་ཁ་གཏད་འཇལ་ནུས་ཞན་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ནང་རྐྱེན་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་ཡིན། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་དང་། སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས་བཅས་ལ་འགན་ལེན་ཏན་ཏིག་བྱེད་པ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བའི་བདེ་འཇགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། ཆེ་བ་ནས་སྟོབས་ལན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བཅས་བྱེད་པར་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ཀྱི་མདུན་དུ་ལྷགས་པའི་གནད་དོན་མངོན་གསལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་མྱུར་དུ་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། དེང་གི་འཛམ་གླིང་གིས་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བརྒྱུད་བཞིན་ཡོད་པ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུ་ནི་འཕོ་འགྱུར་ཆེན་པོ་དེའི་བྱེ་བྲག་ཙམ་ཡིན་ཞིང་།དུས་མཚུངས་སུ་འཛམ་གླིང་གི་རྣམ་པར་ཟིང་ཆ་དང་ལེགས་སྒྲིག འཕོ་འགྱུར་བཅས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཕྱི་ཕྱོགས་སྒོ་འབྱེད་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བའི་རྒྱབ་ལྗོངས་ཆེན་པོའི་འོག རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་པའི་རྒྱལ་ཁབ་ཕྱི་ནང་གི་རྒྱུ་རྐྱེན་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སིམ་འཛུལ། ཕན་ཚུན་ནུས་པ། ཕན་ཚུན་ཤུགས་སྣོན་བཅས་གནས་ཡོད་པ་དང་། ཕྱི་ཕྱོགས་ཀྱི་འགྲན་སློང་དང་ཉམས་ཉེན་གྱིས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ཐེབས་པའི་ཤུགས་རྐྱེན་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། གློ་བུར་དུ་བྱུང་བའི་དུས་རབས་ཀྱི་རིམས་ནད་དང་ཉིན་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་ས་མཚམས་ཀྱི་འགྲན་རྩོད། རྒྱུན་ཆད་མེད་པའི་རྒྱལ་སྤྱིའི་གདོང་གཏུག རྒྱུན་འབྱུང་གི་རང་བྱུང་གནོད་འཚེ་བཅས་དང་། དེ་མིན་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་ནུས་ཁུངས་ཀྱི་ཉམས་ཉེན་དང་འབྲུ་རིགས་ཀྱི་ཉམས་ཉེན། དཔལ་འབྱོར་འཕེལ་མཚམས་ཆད་པ། དངུལ་རྩ་ཟང་ཟིང་སོགས་ཀྱིས་སྔར་ཡོད་ཀྱི་རྒྱལ་ཁབ་བདེ་འཇགས་གནས་སྟངས་ལ་ཕོག་ཐུག་གསར་པ་བཟོས་ནས་རང་རྒྱལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད། ལྷག་པར་དུ་ཨ་རིས་གོ་ལ་ཧྲིལ་པོའི་བཙན་དབང་ལ་སྲུང་སྐྱོང་བྱ་ཆེད། རང་རྒྱལ་འདི་ཉིད་འཐབ་ཇུས་ཀྱི་འགྲན་རྩོད་ཀྱི་འགྲན་ཡ་གཙོ་བོར་བརྩིས་ནས། ཐབས་ངན་གང་ཡོད་སྤྱད་དེ་སྐོར་འགོག་དང་བཀག་སྡོམ། གནོན་འགོག་བཅས་བྱེད་པ་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་གི་རིང་རང་རྒྱལ་འཕེལ་རྒྱས་འགྲོ་བའི་ཕྱི་ཕྱོགས་ཁོར་ཡུག་ཁྲོད་ཀྱི་འཇིགས་སྐུལ་ཆེ་ཤོས་དང་ཉེན་ཁའི་རྒྱུ་རྐྱེན་དུ་གྱུར་ཡོད། རང་རྒྱལ་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ལ་འགོར་འགྱང་ངམ་བར་ཆད་མི་འབྱུང་བར་ཁག་ཐེག་ཏན་ཏིག་བྱས་ཏེ།འཛམ་གླིང་གི་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་ཁྲོད་བརྟན་པོར་གནས་ཐུབ་པ་དང་རྣམ་པ་གསར་པ་བཏོད་དགོས་ན།ངེས་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་སྲུང་སྐྱོང་གི་རྣོ་ལྕགས་ཀྱི་ལྕགས་རིང་བོ་བསྐྲུན་ནས། དུས་བསྟུན་མདུན་སྐྱོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་བྱས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་བླ་ན་མེད་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བྱེད་པ། ཆབ་སྲིད་བདེ་འཇགས་རྩ་བར་བྱེད་པ། དཔལ་འབྱོར་བདེ་འཇགས་རྨང་གཞིར་བྱེད་པ། དམག་དོན་དང་ཚན་རྩལ། རིག་གནས། སྤྱི་ཚོགས་བདེ་འཇགས་བཅས་འགན་ལེན་བྱེད་པ། རྒྱལ་སྤྱིའི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་གཞི་རྟེན་དུ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས། སྒོ་འབྱེད་དང་བདེ་འཇགས། སྲོལ་རྒྱུན་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས། རང་ངོས་ཀྱི་བདེ་འཇགས། ཐུན་མོང་གི་བདེ་འཇགས། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་དང་། འཐབ་ཇུས། སྲིད་ཇུས། ལམ་ལུགས། མ་ལག་དང་ལག་ལེན་གསར་གཏོད་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་མ་ལག་དང་། སྲིད་ཇུས་མ་ལག ཁྲིམས་སྐྱོང་མ་ལག འགོ་ཁྲིད་མ་ལག ལས་ཀའི་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ནས། ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁའི་འགྲན་རྩོད་ཐེག་ཐུབ་པར་བྱེད་དགོས།དུས་རབས་གསར་པ་དང་སྐྱོད་ལམ་གསར་བའི་ཐོག་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་ནང་དོན་དང་ཁྱབ་བྱེད་དེ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་། ཡུལ་དུས་ཀྱི་ཁྱབ་ཁོངས་དེ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་རྒྱ་ཆེ་བ། ཕྱི་ནང་གི་རྒྱུ་རྐྱེན་དེ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་རྙོག་འཛིང་ཆེ་བ་བཅས་ཡོད་པས་ངེས་པར་དུ་ཁྱོན་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཆེས་རྩ་ཆེ་བ་ནི་ཁྱོན་ཡོངས་ཡིན་ཞིང་ཆེས་འགན་ལྗི་བ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་གཏོང་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་སྒུལ་ཤུགས་དང་འགན་ལེན་དུ་གྱུར་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་དང་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་ནི་རྒྱལ་ཁབ་བཅོས་སྐྱོང་ནུས་པའི་མཚོན་ཚུལ་དང་འགན་ལེན་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་དེང་རབས་ཅན་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་མཉམ་དུ། དུས་གཅིག་ཏུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།