གོ་ལ་ཧྲིལ་པོའི་དབུལ་ཕོངས་བཅོས་སྐྱོང་གི་ཀྲུང་གོའི་ཇུས་གཞི།
2023.06.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ།

དབུལ་ཕོངས་བཅོས་སྐྱོང་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བཅོས་སྐྱོང་གི་ལྟེ་བའི་གྲོས་གཞི་ཡིན་ལ། མིའི་རིགས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་གནད་འགག་གི་ཁྱབ་ཁོངས་ཀྱང་ཡིན། དུས་རབས་གསར་པར་སླེབས་པ་ནས་བཟུང་། རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དཀའ་བ་དུ་མ་ཁྱད་བསད་བྱས་པ་དེ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་ནག་གི་གནད་དོན་ཐག་གཅོད་བྱེད་དགོས”ཞེས་བསྟན་ཡོད། ལྷག་པར་དུ་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་ལས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་དེར་ལྡན་པའི་འཛམ་གླིང་གི་དོན་སྙིང་གང་ལེགས་མངོན་ཡོད་ལ། འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་བཅོས་སྐྱོང་དང་འཛམ་གླིང་མཉམ་དུ་དར་རྒྱས་ཡོང་བར་ཀྲུང་གོའི་བློ་གྲོས་དང་། ཇུས་གཞི། སྟོབས་ཤུགས་བཅས་ཕུལ་ཡོད།

གཅིག ཏང་གི་འགོ་ཁྲིད་ནི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་རྒྱལ་ཁ་ཐོབ་པའི་རྩ་བའི་འགན་སྲུང་ཞིག་ཡིན།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན།“ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཡིན་པ་བློ་ལ་བརྟན་པོར་ངེས་དགོས།” དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོའི་མཐུན་སྦྱོར་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། ཐོག་མར་ཏང་གི་ཡང་དག་པའི་འགོ་ཁྲིད་ཀྱིས་དབུལ་ཕོངས་བཅོས་སྐྱོང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། པྲོག་གསར་རིམས་ནད་ཀྱིས་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར་ལ་འགྲན་རྩོད་ཆེན་པོ་ཐེབས་པའི་གནས་ཚུལ་ལ་ཁ་གཏད་ནས། ཀྲུང་གོ་གུང་ཁྲན་ཏང་གིས་དུས་ཡུན་རིང་པོའི་ནང་གི་དཀའ་ཉེན་ལ་མི་སྐྲག་པ་དང་ཆབ་སྲིད་ཀྱི་མིག་རྒྱང་རིང་ལ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས། “སེམས་ནུས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས་ཏེ། དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་ཁག་ཐེག་བྱེད་དགོས”ཞེས་བཏོན་པ་དང་། རྒྱལ་ཡོངས་གོང་འོག་ཚང་མས་དབུལ་ཐར་མཁྲེགས་གཏོར་ལ་ཡིད་ཆེས་བརྟན་པོ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་མཐའ་མའི་རྒྱལ་ཁ་ལེན་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། དེ་མིན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཀྱིས་དབུལ་ཕོངས་བཅོས་སྐྱོང་གི་བརྟན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་འགན་ལེན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ལ་དམིགས་ཏེ་དུས་ཡུན་རིང་འབྲིང་གི་འཐབ་ཇུས་འཆར་འགོད་དང་འཕྲལ་སྒྲུབ་ཁ་གཏད་ཇུས་གཞི་བཟོས་ནས་འཐུས་ཚང་དུ་བཏང་བ་དང་།《རྒྱལ་ཁབ་ཀྱི་བརྒྱད་བདུན་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི(1994ལོ་ནས2000ལོ་བར)》ནས《ཀྲུང་གོའི་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་རྩ་གནད(2001ལོ་ནས2010ལོ་བར)》། དེ་ནས《ཀྲུང་གོའི་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་རྩ་གནད(2011ལོ་ནས2020ལོ་བར)》ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲིད་ཇུས་ཀྱི་གཅིག་མཐུན་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཁག་ཐེག་བྱེད་ཐུབ་ཡོད། དེ་མིན་ཏང་གི་ཚན་རིག་དང་མཐུན་པའི་འགོ་ཁྲིད་ནི་དབུལ་ཐར་མཁྲེགས་གཏོར་ནུས་ལྡན་ངང་སྤེལ་བའི་གནད་འགག་རེད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་བརྒྱུད་རིམ་ནང་ཏང་ཡོངས་ཀྱིས་གཅིག་སྡུད་བཀོད་སྒྲིག་དང་གཅིག་གྱུར་བཀོད་འདོམས་བྱས་ཏེ། སྤྱོད་གོ་ཆོད་པའི་དབུལ་སྐྱོར་ཐབས་ཇུས་རབ་དང་རིམ་པ་བཟོས་པ་དང་། ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་དོ་དམ་ལམ་སྲོལ་རབ་དང་རིམ་པ་བཙུགས་ནས་ལག་བསྟར་དང་ལྟ་སྐུལ་དོ་དམ་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རྩེ་རིམ་ཇུས་འགོད་དང་འཆར་འགོད་དོན་འཁྱོལ་བྱ་རྒྱུར་ལྟ་རྟོག་བྱས་ནས། ཉམས་ཉེན་ལ་ཁ་གཏད་འཇལ་ནུས་ཆེ་རུ་བཏང་སྟེ། དབུལ་ཐར་དམིགས་འབེན་བདེ་བླག་ངང་མངོན་འགྱུར་ཐུབ་པའི་ཁག་ཐེག་བྱས་ཡོད།

གཉིས། མི་དམངས་ལྟེ་བར་འཛིན་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ཡིན།

ཀྲུང་གོ་གུང་ཁྲན་ཏང་གིས་མི་རྩ་བར་འཛིན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་དམིགས་ཡུལ་དང་རྩ་དོན་ལ་བརྩིས་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་རྒྱལ་སྲིད་འཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་བསྐྱང་བྱ་ནི་དམངས་སེམས་ཡིན”ཞེས་ནན་གྱིས་བསྟན་ཡོད། དབུལ་ཐར་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ཏེ་མཐར་མཐུག་ཐུན་མོང་ཕྱུག་འགྱུར་བྱ་རྒྱུ་དེ་ནི་རྒྱལ་ཡོངས་ཀྱི་དམངས་ཚིས་གནད་དོན་ཆེ་ཤོས་ཤིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་རིན་ཐང་གི་དམིགས་འབེན་གལ་ཆེན་ཞིག་ཀྱང་རེད། ཐོག་མར་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་གོ་གནས་སྲུང་སྐྱོང་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི་རྩ་བ་ཚུགས་སར་འཛིན་དགོས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་།“མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པ”དེ་རང་ཉིད་ཀྱི་ལས་འགན་དང་ཐོག་མའི་བསམ་འདུན་དུ་བརྩི་བཞིན་ཡོད། དབུལ་ཕོངས་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་མི་དམངས་ལྟེ་བར་འཛིན་པའི་དམིགས་ཡུལ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བརྩིས་ནས་མི་དམངས་ཀྱི་གོ་གནས་གཙོ་བོ་ཁག་ཐེག་བྱས་ཡོད། དེ་མིན་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི་ནང་དོན་གཙོ་བོར་འཛིན་དགོས། དབུལ་ཐར་མཁྲེགས་གཏོར་གྱི་ལྟེ་བའི་དམིགས་ཡུལ་ནི་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་དཀའ་ཁག་ཡོད་པའི་མང་ཚོགས་དབུལ་ཐར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་མང་ཚོགས་རྣམས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་དགོས། དེར་བརྟེན། ཏང་ཀྲུང་དབྱང་གིས“དབུལ་ཕོངས་མི་གྲངས་ལ་སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”དང་། ལྟོ་གོས་ལ་སེམས་ཁྲལ་མེད་པ། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་སྲུང་ཡོད་པ”བཅས་ཀྱི་དབུལ་ཐར་གཞི་ཐིག་གཏན་འབེབས་བྱས་ཏེ། དངོས་གནས་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་པར་སྲིད་ཇུས་ཀྱི་སྲུང་ཡོལ་བསྐྲུན་ཡོད། དེ་ནས་མི་དམངས་ཀྱི་འདོད་བློ་ཚིམ་མིན་དེ་དབུལ་ཐར་མཁྲེགས་གཏོར་གྱི་ཤན་འབྱེད་ཚད་གཞིར་བརྩི་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“མང་ཚོགས་ཀྱི་བློ་ཡིད་ཚམ་མིན་དེ་ང་ཚོའི་ཏང་གིས་བྱ་བ་ཐམས་ཅད་ལེགས་པོར་སྒྲུབ་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་དང་རྩ་བའི་ཚད་གཞི་ཡིན།” མི་དམངས་མང་ཚོགས་ཀྱི་གདེང་འཇོག་དེ་གནད་འཁེལ་དབུལ་འབྱེད་དང་། གནད་འཁེལ་དབུལ་སྐྱོར། གནད་འཁེལ་དབུལ་ཐར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་།“དབུལ་ཐར་བྱས་མེད་ཚེ་མང་ཚོགས་དང་མཉམ་དུ་རྩིས་རྒྱག་དགོས་པ་དང་མང་ཚོགས་ཀྱིས་ཁས་ལེན་བྱེད་དགོས”ཞེས་གསུངས། ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་མང་ཚོགས་ལ་འགན་འཁུར་བ་ནི་མི་དམངས་ལྟེ་བར་འཛིན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

གསུམ།“བརྒྱུད་རིམ་ཧྲིལ་པོའི”གནད་འཁེལ་དབུལ་སྐྱོར་སྤེལ་རྒྱུ་ནི་དབུལ་ཐར་མཁྲེགས་གཏོར་གྱི་ནུས་ལྡན་ཇུས་གཞི་ཞིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་ཐར་མཁྲེགས་གཏོར་ནི་དངོས་ཐོག་བདེན་འཚོལ་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད། གནད་འཁེལ་དབུལ་སྐྱོར་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། མིག་སྔར། རང་རྒྱལ་གྱིས་གནད་འཁེལ་ཅན་དང་། སྤུས་ཚད་མཐོ་བ། ཕན་འབྲས་ཐོན་པ་བཅས་ཀྱི་གནད་འཁེལ་དབུལ་སྐྱོར་མ་ལག་ཆ་ཚང་ཞིག་བསྐྲུན་ཡོད། དང་ཐོག་དབུལ་སྐྱོར་གནད་འཁེལ་དབྱེ་འབྱེད་བྱེད་དགོས། དབུལ་ཕོངས་མི་གྲངས་གནད་འཁེལ་དབྱེ་འབྱེད་བྱེད་རྒྱུ་ནི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། “དབུལ་སྐྱོར་ངོ་མ་བྱེད་པའི”རྩ་བའི་དོན་སྙིང་ཞིག་ཀྱང་རེད། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ། ང་ཚོའི་ཏང་གིས་དབུལ་ཕོངས་དབྱེ་འབྱེད་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བས། ཞིང་སྡེ་ཧྲིལ་པོར་དམིགས་པ་ནས་རྫོང་ཁོངས་ལ་དམིགས་པ་དང་། དེ་ནས་སྡེ་བ་རིམ་པར་དམིགས་པ། དེ་མིན་དབུལ་ཕོངས་ཁྱིམ་ཚང་ལ་དམིགས་པ་དང་ཞིབ་ཕྲ་ཅན་གྱི་རིམ་སྤོར་བཅས་མངོན་འགྱུར་བྱུང་ཡོད། དེ་ནས་དབུལ་སྐྱོར་གྱིས་བློ་སྐྱོར་དང་རིག་སྐྱོར་བྱ་རྒྱུ་ཟུང་འབྲེལ་བྱེད་དགོས། ཏང་གི་ཚན་རིག་དང་མཐུན་པའི་འགོ་ཁྲིད་འོག དབུལ་སྐྱོར་དང་བློ་སྐྱོར། རིག་སྐྱོར་བཅས་གསུམ་ཟུང་འབྲེལ་དམ་ཟབ་བྱས་ནས།“ཕྱིའི་རོགས་སྐྱོར”དང“ནང་གནས་རང་བརྟེན”བརྒྱུད་དངོས་པོའི་དབུལ་ཐར་དང་བསམ་པའི་དབུལ་ཐར་གཅིག་གྱུར་བྱུང་ནས། དབུལ་ཕོངས་མི་གྲངས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ད་དུང་དབུལ་ཕོངས་བཅོས་སྐྱོང་ཕྱིར་འཐེན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ས་གནས་སོ་སོའི་སྲིད་གཞུང་གིས་དབུལ་ཞྭ་ཕུད་པར་སྲིད་ཇུས་མི་འདོར་པ་དང་། དབུལ་ཞྭ་ཕུད་པར་ཞིབ་བཤེར་རྩིས་ལེན་དང་དཔྱད་འཇོག་ནན་མོ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། དབུལ་ཐར་མི་གྲངས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་ཐུབ་པ་དང་། གནད་འཁེལ་དབུལ་སྐྱོར་གྱི་ཚན་རིག་དང་མཐུན་པའི་ལམ་སྲོལ་གྱི་འགན་ལེན་བྱས་ནས། དབུལ་སྐྱོར་ཕན་འབྲས་ཀྱི་དངོས་ཡོད་རང་བཞིན་དང་བརྟན་པོའི་རང་བཞིན་ཁག་ཐེག་བྱས།

བཞི། སྐྱེ་ཁམས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་རྩ་དོན་གལ་ཆེན་ཡིན།

ཏང་གི་ཚོགས་ཐེངས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་།“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ངེས་པར་དུ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་དགོས”ཞེས་བསྟན་ཡོད། ཀྲུང་གོའི་དབུལ་ཕོངས་བཅོས་སྐྱོང་ཐད་བློ་བརྟན་འགྱུར་མེད་ངང་འདུ་ཤེས་དེ་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད་འབུར་དུ་ཐོན་པའི་དཔལ་འབྱོར་དང་། སྤྱི་ཚོགས། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་ཀྱང་ཐོབ་ཡོད། དང་ཐོག་སྐྱེ་ཁམས་འཛུགས་སྐྲུན་གྱི་དབུལ་སྐྱོར་ལ་དམ་འཛིན་ནན་མོ་བྱེད་དགོས། སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་བྱ་རྒྱུ་འགོ་རྩོམ་ས་་བྱས་ནས་དབུལ་ཕོངས་མི་གྲངས་ཀྱི་ཡོང་འབབ་འཕར་སྣོན་ལ་རོགས་རམ་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དབུལ་ཕོངས་མང་ཚོགས་རྩ་འཛུགས་དང་སྐུལ་སློང་བྱས་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་ཞུགས་སུ་བཅུག་ནས། ངལ་རྩོལ་གྱི་ཐོབ་ཆས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་དགོས། དེ་མིན་སྐྱེ་ཁམས་ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་། བྱེ་ས། རང་བྱུང་སྲུང་སྐྱོབ་ཁུལ་བཅས་ཀྱི་དོ་དམ་ཁྲོད། དབུལ་སྐྱོར་རང་བཞིན་གྱི་སྤྱི་པའི་རོགས་སྐྱོབ་ལས་གནས་བཀོད་སྒྲིག་བྱས་ནས་དབུལ་ཕོངསའི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བསྡོམས་རྩིས་བྱས་པ་ལྟར་ན། 2016ལོ་ནས་བཟུང་། རང་རྒྱལ་གྱིས་དབུལ་ཕོངས་ས་ཁུལ་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ས་ཡ་གཅིག་བདམས་ནས་སྐྱེ་ཁམས་ནགས་སྲུང་བ་བྱས་པ་དང་། རིམ་རྩིས་བྱས་ན་ཀྲུང་དབྱང་གི་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་བཏང་བ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བཏང་ནས་སྐྱེ་ཁམས་ནགས་སྲུང་བ་གདམ་གསེས་གདན་ཞུ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། བྱེད་ཐབས་དེ་དག་གིས་ས་གནས་ཀྱི་ནགས་ལས་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུར་ཕན་པ་མ་ཟད། དབུལ་ཕོངས་མི་གྲངས་ཀྱི་ཡོང་འབབ་ཀྱང་ནུས་ལྡན་སྒོས་ཇེ་མང་དུ་ཕྱིན་ཡོད། དེ་མིན་སྐྱེ་ཁམས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བཏང་ཞིང་། ཕྱོགས་གཅིག་ནས་སྲིད་ཇུས་ཀྱི་ཕན་འབྲས་ལ་བརྟེན་ནས་ས་ཁུལ་དབུལ་ཕོངས་དང་ཁྱིམ་ཚང་དབུལ་ཕོངས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ཡོད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། ཐོན་ལས་རིམ་སྤོར་ལ་བརྟེན་ནས་ས་གནས་མང་ཚོགས་དབུལ་ཕོངསའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱོགས་གཞན་ཞིག་ནས་དབུལ་ཕོངས་ཉུང་གཏོང་བྱ་ཡུལ་གྱིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས། ཐོན་ལས་དབུལ་སྐྱོར་ལག་རྩལ་གྱི་ཆེད་མཁས་པ་གསོ་སྐྱོང་དང་དེ་མིན་ཆེད་ལས་ལག་རྩལ་མི་སྣ་དང་ཐོན་ལས་འཕེལ་རྒྱས་ཀྱི་གསོ་སྦྱོང་པ་གདན་དྲངས་ནས། དབུལ་ཕོངས་མང་ཚོགས་ཀྱི་ལག་རྩལ་གྱི་བློ་འདྲི་འདོན་སྤྲོད་བྱས་ཏེ། ལྗང་མདོག་གསར་དར་ཐོན་ལས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་དབུལ་ཐར་བྱས།

ལྔ། རྒྱལ་སྤྱིའི་དབུལ་ཕོངས་ཉུང་གཏོང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་སྒྲུབ་པའི་མཚོན་ཚུལ་གཙོ་བོ་ཡིན།

འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་རྒྱལ་སྤྱིའི་དབུལ་ཕོངས་ཉུང་གཏོང་གི་རོགས་སྐྱོར་ཧུར་ཐག་བྱས་ནས། གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་བཅོས་སྐྱོང་ལ་སྒུལ་ཤུགས་གསར་པ་འདོན་སྤྲོད་བྱས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “ཀྲུང་གོ་ནི་འཛམ་གླིང་སྟེང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེ་བ་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་ཧུར་ཐག་གིས་འཛམ་གླིང་གི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་དར་སྤེལ་གཏོང་མཁན་དང་སྐུལ་འདེད་ནུས་ལྡན་གཏོང་མཁན་བྱེད་དགོས”ཞེས་བསྟན་ཡོད། ཐོག་མར་དབུལ་ཕོངས་བཅོས་སྐྱོང་བྱ་རྒྱུ་དེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་འཇུག་དགོས། “རྒྱུད་གཅིག་ལམ་གཅིག”ནི་རྒྱ་ཆེ་བའི་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིན་མེ་གླིང་བཅས་ཀྱི་འཕེལ་རྒྱས་དང་བཅོས་སྐྱོང་གི་ལས་སྟེགས་ཆེན་པོ་ཞིག་ཡིན་པའི་ངོས་ནས་ལམ་རྒྱུད་རྒྱལ་ཁབ་ཀྱི་མ་དངུལ་དང་། ལག་རྩལ། མི་ཤུགས་ཐོན་ཁུངས་གསར་སྤེལ་གྱི་ཁྱད་སྟོབས་བཅས་གསར་སྐྲུན་བྱ་རྒྱུར་གོ་སྐབས་གསར་པ་བསྐྲུན་ཡོད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་བརྟེན་ནས་མ་འཇོག་ལ་སྐུལ་ཁྲིད་ནུས་ལྡན་བྱས་པ་མ་ཟད། ལས་ཞུགས་ལས་གནས་འབོར་ཆེན་བསྐྲུན་པས་ལམ་རྒྱུད་རྒྱལ་ཁབ་ཀྱི་དབུལ་ཕོངས་བཅོས་སྐྱོང་འཕེལ་རིམ་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། དེ་མིན་གསེར་ལྡན་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་མཉམ་ལས་ལ་དོ་ཁུར་བྱེད་དགོས། རིམས་ནད་བྱུང་རྗེས། གསེར་ལྡན་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་ནད་ཡམས་འགོག་པ་དང་རིམས་འགོག་སྨན་ཁབ་དྲང་གཞག་དང་ལུགས་མཐུན་ངང་བགོ་བཤའ་རྒྱག་རྒྱུ་དར་སྤེལ་བཏང་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་མཐོ་རུ་གཏོང་བར་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་ནས། དབུལ་ཕོངས་ས་ཁུལ་གྱི་རིམས་ནད་ཀྱི་དཀའ་གནད་ལས་སྒྲོལ་རྒྱུ་དང་མགྱོགས་མྱུར་སྒོས་ལས་ཐོན་སླར་གསོ་བྱ་ཆེད། དབུལ་ཕོངས་ནུས་ལྡན་ངང་བཅོས་སྐྱོང་བྱ་རྒྱུར་བདེ་འཇགས་ཀྱི་འགན་སྲུང་བྱས་ཡོད། དེ་ནས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ལ་སྣེ་ཁྲིད་བྱས་ཏེ་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཁོངས་མིའི་རྒྱལ་ཁབ་ཀྱིས་ནད་ཡམས་ལས་བྱུང་བའི་དཔལ་འབྱོར་དང་། ནོར་སྲིད། སྤྱི་པའི་འཕྲོད་བསྟེན་བཅས་ཀྱི་གནོན་ཤུགས་སེལ་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས“པྲོག་གསར་རིམས་ནད་ཀྱི་ཉམས་ཉེན་བསྐྱར་གསོའི་ཐེབས་རྩ”བཙུགས་ནས། ཁོངས་མིའི་རྒྱལ་ཁབ་ཀྱིས་ཛ་དྲག་གི་སྤྱི་པའི་འཕྲོད་བསྟེན་ལ་ཁ་གཏད་འཇལ་སྐབས་ཀྱི་མ་དངུལ་གྱི་དགོས་མཁོར་རྒྱབ་སྐྱོར་བྱས་པས། ཁོངས་མིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྒྲིག་ལམ་བརྟན་པོ་དང་དེ་མིན་དབུལ་ཕོངས་བཅོས་སྐྱོང་གོ་རིམ་ལྡན་པའི་ངང་བྱ་རྒྱུར་མ་དངུལ་གྱི་རྒྱབ་སྐྱོར་ཆེན་པོ་བྱས་ཡོད།

དབུལ་ཐར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་མ་ཟད་ཐུན་མོང་ཕྱུག་འགྱུར་གྱི་མཐར་མཇུག་གི་དམིགས་འབེན་མངོན་འགྱུར་བྱས་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་ཀྱིས་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་ལྟེ་བར་འཛིན་པའི་དམིགས་ཡུལ་དང་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་འཆར་འགོད་མ་ལག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མཛའ་མཐུན་དང་རྒྱུན་མཐུད་ཀྱི་དབུལ་ཐར་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་དེ་ནི་ཀྲུང་གོའི་ལུགས་ཀྱི་དབུལ་ཐར་བཅོས་སྐྱོང་གི་ལྟེ་བའི་དོན་སྙིང་དང་བློ་གྲོས་ཀྱི་ཇུས་གཞི་ཞིག་ཡིན་པས་འཛམ་གླིང་གི་ཕན་འབྲས་རྒྱ་ཁྱབ་ལྡན་ཡོད། མིའི་རིགས་ཀྱི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་གོ་ལ་ཧྲིལ་པོའི་དབུལ་ཕོངས་བཅོས་སྐྱོང་ནུས་ལྡན་ངང་སྤེལ་རྒྱུར་ཚན་རིག་དང་མཐུན་པའི་དཔེ་སྟོན་གསར་པ་འདོན་སྤྲོད་བྱས་པ་དེ་ནི་ཀྲུང་གོས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོར་འགན་འཁུར་གྱི་མཚོན་ཚུལ་གལ་ཆེན་ཞིག་རེད། 

ཡིག་སྒྱུར་བ། ཤ་བོ་རིན་མཚོ།