དྲི་བ་གྱ་བདུན། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་སྔོན་ལ་སྔོན་འགོག་གི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་དགོས་དོན་ཅི་ཡིན་ནམ།
2023.06.19 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 10

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་པའི་བདེ་འཇགས་ནི་ཆེས་གཞི་རྩའི་དམངས་ཚིས་ཡིན།”“རང་རྟོགས་ངང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁྲོད་བཞག་ནས་ངོས་འཛིན་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་བཞག་ནས་བསམ་གཞིག་བྱེད་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་བཞག་ནས་དམ་འཛིན་བྱེད་པ་བཅས་བྱས་ཏེ། ཧུར་ཐག་གིས་མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་བརླིང་དང་གོ་རིམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བ་བཅས་ཀྱི་ཕྱོགས་ཡོངས་དང་། ལངས་གཟུགས་ཅན་གྱི་སྤྱི་པའི་བདེ་འཇགས་དྲ་བ་ཞིག་བཟོ་དགོས”ཞེས་ནན་བཤད་གནང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས།“རྒྱལ་ཁབ་ཀྱི་བདེ་འཇགས་གཅིག་གྱུར་གྱིས་སྲུང་སྐྱོང་དང་གསར་བཟོ་བྱེད་པ།”“སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ།”“སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་སྔོན་ལ་སྔོན་འགོག་གི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། རྣམ་བཤད་དེ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བ་སྲུང་སྐྱོང་དང་གསར་བཟོ་མཉམ་འཛིན་གྱི་འབད་བརྩོན་ཁ་ཕྱོགས་གསལ་པོ་བྱས་པ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་བཏོན་པ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་དོན་དག་བྱུང་རྗེས་ཐག་གཅོད་བྱ་རྒྱུ་གཙོ་བོར་འཛིན་པ་ནས་སྔོན་ལ་སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པའི་ཕྱོགས་སུ་བསྒྱུར་རྒྱུའི་འཐབ་ཇུས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཡོད་པས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བའི་རང་འགུལ་རང་བཞིན་དང་། ཡར་བརྩོན་རང་བཞིན། གསར་སྐྲུན་རང་བཞིན་བཅས་གང་ལེགས་སྒོས་མཚོན་ཡོད།

སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བདེ་འཇགས་ཨང་དང་པོར་འཇོག་དགོས་པ་དང་། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་རྣམས་ཀྱིས་བྱ་དངོས་ལ་ཤེས་རྟོགས་བྱེད་པར་ནམ་ཡང་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བའི་གོ་རིམ་ཞིག་ཡོད་ཅིང་། གོ་རིམ་དེ་ནི་བྱ་དངོས་རང་ཉིད་ཀྱི་ཕྱི་རོལ་ཡུལ་གྱི་རིམ་འགྱུར་དང་འབྲེལ་བ་ཡོད་ལ། མི་རྣམས་ཀྱི་ཤེས་རྟོགས་གཏིང་ཟབ་ཏུ་འགྲོ་བར་ཡང་འབྲེལ་བ་ཡོད། དབུལ་ཞིང་ཕོངས་པར་གྱུར་པ་དང་། ལྟོ་གོས་གཉིས་ཀྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱེད་པའི་སྐབས་སུ། འཕེལ་རྒྱས་ནི་ཆེས་ཆེ་བའི་དོན་ཆེན་ཡིན། དངོས་པོའི་རྒྱུ་ནོར་གསོག་ཚད་ངེས་ཅན་ཞིག་ཏུ་སླེབས་པ་དང་། ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། མི་རྣམས་ཀྱིས་བདེ་འཇགས་ཀྱི་གནད་དོན་ལ་ངོས་འཛིན་བྱེད་ཚད་ངེས་ཅན་ཞིག་ཏུ་སླེབས་སྐབས། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ལོ་ངོ70ལྷག་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་ལོ་ངོ་40ལྷག་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེ་གྲས་གཉིས་པ་དང་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ཡོད་པས། རང་རྒྱལ་མི་དམངས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དུས་མཚུངས་སུ་བདེ་འཇགས་ཀྱི་དགོས་མཁོའང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། གལ་ཏེ་བདེ་འཇགས་ཀྱི་འགན་སྲུང་མ་བྱས་ན། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་ཕན་འབྲས་ཆེས་ཆེར་མར་ཆག་བཞིན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཡོང་བའི་རྨང་རྡོ་ཡིན”ཞེས་ནན་བཤད་གནང་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་བདེ་འཇགས་ཨང་དང་པོར་འཇོག་པ་དང་། སྔོན་འགོག་གཙོ་བོར་འཛིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས།

སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བདེ་འཇགས་དང་འཕྲལ་སྒྲུབ་ཆེན་པོའི་སྒྲོམ་གཞི་བཙུགས་ནས། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས། སྤྱི་པའི་བདེ་འཇགས་དེ་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོར་འབྲེལ་བ་ཡོད་ཅིང་། སྤྱི་པའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྣ་ཚོགས་ཕན་ཚུན་ནུས་པ་ཐོན་རེས་དང་། ཕན་ཚུན་འདྲེས་པ། ཕན་ཚུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ལྷག་པར་དུ་ཕྱོགས་ཡོངས་ནས་སྒོ་འབྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་རྒྱབ་ལྗོངས་འོག སྤྱི་ཚོགས་ཀྱི་འཁོར་རྒྱུག་རང་བཞིན་ཤུགས་ཆེར་གཏོང་བ་དང་། ཐོན་སྐྱེད་འབྲེལ་བ་དང་ཐོན་ལས་རྣམ་པ། ལས་ཞུགས་གནས་སྟངས། སྤྱི་ཚོགས་རིམ་པ། བསམ་བློའི་འདུ་ཤེས་བཅས་སྣ་མང་ཅན་དུ་འགྱུར་བ་དང་། སྨྱན་སྦྱོར་གྱི་རྣམ་པ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་བསྒྱུར་བཅོས་ཆེན་པོ་དང་བསྟུན་ནས། དོན་ཆུང་གང་ཞིག་ཐག་གཅོད་ཡག་པོ་མ་བྱུང་ན་ཚང་མས“ཕྱེ་ལེབ་ནུས་སྣང”ཐོན་སྲིད་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ལ་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་དང་གསར་བཟོ་བྱེད་པར་ངེས་པར་དུ་མ་ལག་གི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འགོ་ཁྲིད་མ་ལག་དང་ལས་རིགས་ཁ་བྲལ་དང་། སྡེ་ཁག་རང་བཙན། ས་གནས་ཁ་བྲལ་བཅས་ཀྱི་འདུ་ཤེས་རྙིང་པ་དང་སྒྲོམ་གཞི་རྙིང་པ་གཏོར་བ་དང་། བདེ་འཇགས་ཆེན་པོའི་འཕྲལ་བསྟུན་ཆེན་པོའི་སྒྲོམ་གཞི་འཛུགས་པ། རྒྱུ་རྐྱེན་གཙོ་བོ་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་སྒྲུབ་མཉམ་འགུལ་ཕན་འབྲས་མངོན་འགྱུར་བཅས་བྱས་ཏེ། ཐུན་མོང་གིས་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས།

སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་འཇིགས་སྐུལ་གལ་ཆེན་ཞིག་ཡིན་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བར་དམ་འཛིན་ཡག་པོ་བྱ་རྒྱུ་ནི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་དང་གསར་བཟོ་བྱེད་པའི་གཙོ་གནད་ཅིག་རེད། 2022ལོའི་ལོ་སྟོད་དུ། རྒྱལ་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་ཁྲི་གཅིག་དང་སྟོང་གཅིག་དོན་དྲུག་བྱུང་པ་དང་མི་སྟོང་བརྒྱད་དང་བརྒྱད་བརྒྱ་བདུན་ཅུ་རྐྱེན་ལམ་དུ་ཤོར། དེའི་ནང་བདེ་འཇགས་ཐོན་སྐྱེད་ཀྱི་ཐད་འབུར་དུ་ཐོན་པའི་གནད་དོན་གྱི་ཁྱབ་ཁོངས་ཆེ་གྲས་ལྔ་ཡོད་པ་སྟེ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཁྱབ་ཁོངས་དང་། གཏེར་རིའི་ཁྱབ་ཁོངས། རྫས་འགྱུར་བཟོ་ལས་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཁྱབ་ཁོངས། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས། བཟོ་ལས་དང་ཚོང་དོན་ཁྱབ་ཁོངས་ཁྲོད་ཀྱི་ལྕགས་བཞུ་དང་། འཕྲུལ་ཆས། ངར་ལྕགས། གློག་ཤུགས་སོགས་ཁེ་ལས་ཚུད་ཡོད། ལས་རིགས་དང་ཁྱབ་ཁོངས་དེ་དག་ལ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བཅས་བྱས་ནས། ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་འབྱུང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གནོད་འགོག་གནོད་སེལ་རྒུད་སྐྱོབ་དང་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་དང་འགན་སྲུང་བྱེད་ནུས་ཆེ་རུ་བཏང་ནས། རྒྱལ་ཁབ་ས་ཁོངས་ཀྱི་འཕྲལ་སྒྲུབ་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། རང་བྱུང་གནོད་འཚེ་ནི་མིའི་རིགས་ཀྱི་ལྷན་སྐྱེས་ནས་ཁ་གཏད་དགོས་པའི་འགྲན་སློང་ཞིག་རེད། གནམ་གཤིས་ཀྱི་འགྱུར་ལྡོག་ཇེ་ཆེར་སོང་བ་དང་བསྟུན་ནས། རང་བྱུང་གནོད་འཚེ་སྔར་ལས་མང་དུ་འབྱུང་བཞིན་ཡོད། 2022ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་དུ་རང་བྱུང་གནོད་འཚེ་སྣ་ཚོགས་ཀྱིས་མི་ཐེངས་དུང་ཕྱུར་གཅིག་དང་ས་ཡ་བདུན་ལ་གནོད་འཚེ་ཕོག་པ་དང་། གནོད་འཚེ་ཕོག་ནས་རྐྱེན་ལམ་དུ་ཤོར་བའི་མི་ལྔ་བརྒྱ་ཉེར་ལྔ་ཟིན་ཡོད། མི་ཐེངས་ས་ཡ་གཉིས་དང་འབུམ་གསུམ་ཁྲི་གསུམ་སྟོང་ལྔ་དུས་ཐོག་ཏུ་གནས་སྤོས་བཀོད་སྒྲིག་བྱས་པ། ཁང་པ་ཁྲི་གསུམ་དང་སྟོང་བཞི་བརྡིབས་པ་དང་། ཞིང་ལས་ལོ་ཏོག་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཅིག་དྲུག་བརྒྱ་བཅུ་བདུན་ལ་གནོད་འཚེ་ཕོག་ལ། ཐད་ཀའི་དཔལ་འབྱོར་སྒོར་ཁྲག་ཁྲིག་གཉིས་དང་ཐེར་འབུམ་དགུ་དུང་ཕྱུར་ལྔ་དང་བྱེ་བ་དགུའི་གྱོང་གུན་ཕོག་པ་རེད། རང་བྱུང་གནོད་འཚེ་ལ་འགོག་རྒོལ་བྱེད་པར་མཐོ་གསར་ལག་རྩལ་གྱི་བྱེད་ཐབས་དང་ལྷག་པར་དུ་ཟོག་འབྲེལ་དྲ་བ་དང་གཞི་གྲངས་ཆེན་པོ་སོགས་བེད་སྤྱོད་གང་ལེགས་བྱས་ནས། གནོད་འཚེ་སྔོན་འགོག་དང་ཇེ་ཆུང་དུ་གཏོང་བའི་རྒུད་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་། བདེ་འཇགས་ཆེན་པོ་དང་འཕྲལ་སྒྲུབ་ཆེན་པོའི་སྒྲོམ་གཞིའི་ནང་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་དང་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་ས་ཁོངས་ཀྱི་འཕྲལ་སྒྲུབ་སྟོབས་ཤུགས་ལྟེ་གནས་དང་མ་ལག་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གློ་བུར་དུ་བྱུང་བའི་གནས་ཚུལ་ལ་དུས་ཐོག་ཏུ་འཕྲལ་སྒྲུབ་དང་ལེན་དང་ཐག་གཅོད་ནུས་ལྡན་ཐུབ་པའི་ཁག་ཐེག་བྱེད་དགོས།

སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཟས་རིགས་དང་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐྱེ་དངོས་བདེ་འཇགས་ལྟ་སྐུལ་དོ་དམ་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་དགོས། ཟས་རིགས་དང་སྨན་རྫས་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པས། སྤྱི་པའི་བདེ་འཇགས་མ་ལག་ཁྲོད་ཀྱི་ཚོར་བ་སྐྱེན་པོ་དང་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། 2003ལོའི་སར་སི་གློ་ཚད་ནས་རྗེས་ཀྱི་བྱ་ནད་དང་། ཨའེ་པོ་ལའི་ནད་དུག དབུས་ཤར་གྱི་དབུགས་ལམ་ཕྱོགས་བསྡུས་ནད། ཨ་ཧྥེ་རི་ཁའི་ཕག་ནད། བྱི་ནད། སྤྲེལ་འབྲུམ་ནད། ཐ་ན2020ལོའི་ཚུན་གྱི་པྲོག་གསར་གློ་ཚད་ཀྱི་རིམས་ནད་དེ་གོ་ལ་ཧྲིལ་པོར་ཁྱབ་པ་དང་། འཛམ་གླིང་སྐྱེ་དངོས་བདེ་འཇགས་ཀྱི་གནས་བབ་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད། སྐྱེ་དངོས་ཀྱི་བདེ་འཇགས་ལ་རྒྱུ་རྐྱེན་མང་པོ་ཡོད་པ་དང་། ལྟ་སྐུལ་དོ་དམ་མ་ལག་དང་ནུས་པ་ཛ་དྲག་ཆེ་བའི་གནས་བབ་ལ་ཕྱོགས་པར་ད་དུང་ཧེ་བག་ཧ་ཅང་ཆེན་པོ་ཡོད་པས། དེ་ནི་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ནང་ངེས་པར་དུ་ཁ་གསབ་བྱ་དགོས་པའི་ཞན་ཆ་འབུར་ཐོན་ཞིག་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།