སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་དང་། དོན་དངོས་གཉེར་བའི་སྲོལ་བཟང་གི་ཤུགས་ཆེ་རུ་གཏོང་དགོས།
2023.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

--བརྗོད་དོན་སློབ་གསོར་དངོས་གནས་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་།

“གཅིག་བསྡུས་ཀྱིས་སློབ་གསོ་གཏོང་བ་བརྒྱུད་དེ་ཏང་ཡོངས་ཀྱི་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་སྲོལ་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་རེད།” ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས“སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བར”དམིགས་ནས་བླང་བྱ་གསལ་པོ་བཏོན་པ་སྟེ།“དོན་དངོས་གཉེར་བའི་སྲོལ་བཟང་གི་ཤུགས་ཆེ་རུ་གཏོང་བ”དང་།“སྤྱོད་གཙང་གི་སྲོལ་བཟང་དར་སྤེལ་གཏོང་བ”“བབ་ཆགས་ཀྱི་སྤྱོད་བཟང་ཆགས་པར་བྱེད་པ”བཅས་བྱས་ནས་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་བར་ཁ་ཕྱོགས་སྔར་ལས་གསལ་སྟོན་གནང་།

ཏང་སྲོལ་གྱི་གནད་དོན་དེ་སྲིད་འཛིན་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཚད་མཐོ་བའི་མཐོང་ཆེན་གནང་ནས“འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་དེ་ཏང་ནང་གི་དར་སྲོལ་དང་ཆབ་སྲིད་སྐྱེ་ཁམས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དམངས་སེམས་ཕྱོགས་མིན་དང་འབྲེལ་བ་ཡོད་པས། ཏང་གི་མང་ཚོགས་ཀྱི་རྨང་གཞི་གཏན་འཁེལ་བྱེད་བཞིན་ཡོད”ཅེས་བསྟན་པ་དང་།“སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་ལམ་དུ་ཡོད་པ་དང་། དུས་ནམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་”ལ།“སྤྱོད་ཚུལ་འཛུགས་སྐྲུན་ཐད་ངེས་པར་དུ་གོང་གིས་འོག་ལ་སྣེ་ཁྲིད་དང་གཟེར་མའི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས”པའི་བླང་བྱ་བཏོན་ཡོད་ཅེས་ནན་བཤད་གནང་བ་རེད། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་ཀྱི་གནད་དོན་གཏན་འབེབས་དང་དོན་འཁྱོལ་བྱས་ནས“སྤྱོད་ཚུལ་བཞི”ཡོ་བསྲང་ཟབ་མོ་བྱེད་པ་དང་། ཏང་སྲོལ་ཐད་གནས་པའི་འབུར་ཐོན་གནད་དོན་དང་སྐྱོན་ཆ་སེལ་བ་ནས་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་སོགས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བའི་བར་དངོས་ཐོག་བདེན་འཚོལ་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་གསར་གཏོད་པ་དང་། དེ་ནས་ཡང་སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་ལ་འཇོག་པ། སྔ་མོ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན་བྱེད་པ་དང་ཆུང་ས་ནས་སྔོན་འགོག་བྱེད་པ་དང་རིམ་བཞིན་མེད་པར་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ་སོགས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་གསར་བརྗེའི་རང་བཞིན་གྱི་བརྒྱུད་རིམ་ཞིག་བརྒྱུད་པ་དང་། ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་བར་བསྒྱུར་ཏེ། སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་ཀྱི་གོམས་སྲོལ་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བར་བྱས་ནས་དུས་རབས་གསར་བའི་རླབས་ཆེན་འཕོ་འགྱུར་གྱི་ཆེད་དུ་བྱ་སྤྱོད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་བ་བཅས་ལ་འཕྲད་ཡོད་པས། ཁ་གཏད་འཇལ་དགོས་པའི་ཉེན་ཁ་དང་འགྲན་སློང་དང་། ཐག་གཅོད་དགོས་པའི་འགལ་བ་དང་གནད་དོན་དེ་སྔོན་ཆད་དང་བསྡུར་ན་སྔར་ལས་རྙོག་འཛིང་ཆེ་བ་རེད། ཉེན་ཁ་ཇི་ཙམ་ཆེ་ན། འགྲན་སློང་དེ་ལྟར་མང་བ་དང་། ལས་འགན་དེ་ལྟར་ལྗིད་ཞིང་། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་དེ་བས་ཤུགས་སྣོན་དགོས་ཤིང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་སྙིང་སྟོབས་ཆེར་སྐྱེད་དང་། བློ་སྤོབས་སྐུལ་སློང་། སྣང་བརྙན་སྐྲུན་པ། དམངས་སེམས་ཐོབ་པ་བཅས་བྱ་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རང་སྣང་གི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་དགོས་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་དགོངས་པ་གལ་ཆེན་འདིའི་བླང་བྱ་རབ་དང་རིམ་པར་གོ་བ་གཏིང་ཟབ་བླངས་ནས་དགོངས་པ་གལ་ཆེན་འདི་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུར་སྐུལ་འདེད་ཟབ་མོ་གཏོང་བའི་སྟེང་བཀོལ་སྤྱོད་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་མོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་གསལ་བོ་དང་བློ་བརྟན་འགྱུར་མེད་སྲུང་འཛིན་བྱས་ཏེ་བསམ་བློ་རྣམ་དག་མིན་པ་དང་། རྩ་འཛུགས་ཡང་དག་མ་ཡིན་པའི་ཕྱོགས་ཀྱི་ཐད་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་དམ་འཛིན་བྱེད་དགོས་ན། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ལ་ཟུང་འབྲེལ་བྱེད་པ་དང་། སློབ་སྦྱོང་དང་། ཞིབ་བཤེར། ལེགས་སྒྲིག་བཅས་ཕན་ཚུན་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་སྲོལ་གྱི་བླང་བྱ་དང་བསྡུར་ནས་ཧེ་བག་འཚོལ་བ་དང་། ཏང་གཤིས་བླང་བྱའི་རེའུ་མིག་ལ་གཞིགས་ནས་འབྱུང་རྩ་འཚོལ་བ། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱར་ཞིབ་བསྡུར་བྱས་ནས་བྱེད་ཐབས་གསལ་པོ་འདོན་པ་བཅས་བྱས་ཏེ་ཞིབ་དཔྱོད་དང་དག་ཐེར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། བརྗོད་དོན་སློབ་གསོ་སྤེལ་བ་དང་། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་དམ་འཛིན་བྱེད་ན། ཐོག་མར་དོན་དངོས་གཉེར་བའི་སྲོལ་བཟང་ཤུགས་ཆེ་རུ་གཏོང་དགོས་པ་དང་། བདེན་འཚོལ་དངོས་གཉེར་དང་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་ཆེན་པོ་སྐུལ་སློང་བྱས་ཏེ། འབད་བརྩོན་ཆེན་པོས་ལོ་རྒྱུས་དང་མི་དམངས་ཀྱིས་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་གཏོད་བྱེད་དགོས།

དངོས་དོན་གཉེར་བའི་སྲོལ་བཟང་གི་ཤུགས་ཆེ་རུ་གཏོང་དགོས་ན། ངེས་པར་རྟོག་དཔྱོད་ཞིབ་འཇུག་དམ་འཛིན་བྱེད་དགོས། རྟོག་དཔྱོད་ཞིབ་འཇུག་ནི་དོན་གཉེར་གྱི་རྨང་གཞི་དང་། བྱ་བ་འགྲུབ་པའི་ཐབས་ཤེས་ཡིན་ལ། ལས་ཀ་ལེགས་པོར་སྒྲུབ་པའི་གཞི་རྩའི་ནུས་རྩལ་ཡང་ཡིན། དྲོད་གྲང་ཀོར་ཐིག་མན་གྱི་ཏུའུ་བཅུ་ལྷག་གི་གྲང་ངར་གདོང་གིས་བསུས་ཤིང་། གྲང་རླུང་ཐོད་ཀྱིས་བཏེགས་ནས་གངས་འཁྱག་རྡོག་པས་གནོན་བཞིན་བར་སྣང་དུ་བསྐྱོད་པ་དང་། སྡེ་བར་སྐྱོད་དེ་དབུལ་ཕོངས་ངོ་མར་བལྟོས། ཆར་བ་ཆེན་པོ་བབས་ཀྱང་རྐང་སྣམ་ཡར་བརྫེས་ཏེ་ཆར་གདུགས་ཐོགས་ནས་ཝུའུ་ཧན་གྱི་གྲུ་ཁ་གསར་བའི་ལས་བྱེད་མི་སྣའི་སར་དངོས་ཟོག་སྐྱེལ་འདྲེན་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད། དཀའ་ངལ་ཁྱད་དུ་བསད་དེ་ལེ་དབར་སྟོང་གི་སར་བསྐྱོད་དེ་ཀོང་ཀྲིག་རླངས་འཁོར་ཞིབ་འཇུག་ཁང་དུ་བཞུགས་མོལ་བརྗེ་རེས་བྱས་ནས་ཡང་དག་པའི་ལྟ་བ་འཚོལ་ཞིབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་མིག་དཔེ་སྟོན་པ་དང་། རང་དཔེ་གཞན་སྟོན་བྱེད་པ། ཧུར་ཐག་འབད་བརྩོན་བཅས་ཀྱི་ཐོག་ནས་གསོན་ཉམས་ལྡན་ཞིང་གཏིང་ཟབ་པའི་རྟོག་དཔྱོད་ཡང་ཡང་གནང་བ་དང་། ཏང་ཡོངས་ཀྱིས་རྟོག་དཔྱོད་ལ་མཐོང་ཆེན་དང་། རྟོག་དཔྱོད་ཟབ་མོ་བྱེད་པ། རྟོག་དཔྱོད་བྱེད་མཁས་པ་བཅས་ཀྱིས་འོད་སྟོང་འཕྲོ་བའི་མིག་དཔེ་ཞིག་བཏོད་ཡོད་པ་རེད། ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ཏེ། རྟོག་དཔྱོད་ཞིབ་འཇུག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་གནད་འགག་ནི“དོན་དངོས”ཞེས་པ་དེ་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་འཐབ་ཕྱོགས་དང་པོ་རུ་ཟབ་ཞུགས་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། གནད་དོན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།“ཐོག་བརྩེགས་མཐོན་པོར”ལྟ་དགོས་ལ“ཁང་བ་དམའ་མོའི་སྲང་ལམ”ལའང་ལྟ་དགོས། ཏང་གི་གསར་སྐྲུན་གཞུང་ལུགས་ཞིབ་འཇུག་གི་གནས་ཚུལ་གསར་བ་བཀོལ་སྤྱོད་དང་། གནད་དོན་གསར་བ་ཐག་གཅོད་བྱེད་དགོས། དཀའ་ངལ་མང་བ་དང་། མང་ཚོགས་ཀྱི་བསམ་འཆར་གཅིག་བསྡུས། བྱ་བ་སྒྲུབ་དཀའ་བའི་ས་ཁུལ་དང་ལས་ཁུངས་སུ་རྟོག་དཔྱོད་བྱས་ཏེ། ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་རེ་བར་ཉན་པ་དང་། དོན་ངོ་མས་མང་ཚོགས་ཀྱི་འདོད་བློ་མཚོན་པ། བརྩེ་བ་ངོ་མས་མང་ཚོགས་ཀྱི་དཀའ་སྡུག་བསམ་པ། མང་ཚོགས་ཀྱི་སེམས་ཁུར་བྱེད་ས་དང་རེ་བ་བྱེད་ས་ཡང་དག་པའི་སྒོ་ནས་རྒྱུས་ལོན་བྱས་ཏེ། དོན་ངོ་མས་མང་ཚོགས་ཀྱི་གནས་ཚུལ་མཐིལ་རྟོགས་དང་། གནད་དོན་ཡང་དག་པར་འཚོལ་བ། ཁ་གཏད་ཐབས་ཇུས་ངོ་མ་འདོན་པ་བཅས་བྱས་ནས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་། ནུས་པ་ཆེས་ཆེར་མཐོར་འདེགས་གཏོང་བ། སྤྱོད་ཚུལ་ལེགས་བསྒྱུར་ཆེན་པོ་བྱེད་པ། བྱ་བ་དོན་འཁྱོལ་ཆེན་པོ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

དོན་དངོས་གཉེར་བའི་སྤྱོད་བཟང་དར་སྤེལ་ཤུགས་ཆེན་གཏོང་དགོས་ན། ངེས་པར་དུ་དོན་དངོས་སྒྲུབ་པ་གཙོ་བོར་བཟུང་ནས་ཕན་འབྲས་ཐོབ་པར་བྱེད་དགོས། སྐྱོད་ལམ་གསར་བ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་པས། སྟབས་བདེ་བའི་ལམ་མེད་པར་དོན་དངོས་ལྟར་སྒྲུབ་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“གནས་ཚུལ་དངོས་ལ་རྟོག་ཞིབ་དང་། བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་བརྩོན་ལེན་བྱེད་པའི་སྟེང་འབད་བརྩོན་བྱས་ཏེ། བྱ་བ་དངོས་དམ་འཛིན་དང་། རྨང་གཞི་བརྟན་པོ་འདིང་བ། གོམ་པ་བརྟན་པོ་སྤོ་བ་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པའི་ཐད་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།” རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏན་ཏན་ཏིག་ཏིག་དང་། དཀའ་སྤྱད་སྡུག་རུས་ཀྱིས་ལས་ཀ་སྒྲུབ་པ། སྟོང་བསམ་ཁོ་ན་མི་འཛིན་པ། སྟོང་གཏམ་ཁོ་ན་མི་སྒྲོག་པ། དོན་དངོས་ལ་སློབ་སྦྱོང་དང་། དོན་དངོས་ལ་བརྩི་འཇོག ཆོས་ཉིད་དང་མི་འགལ་བ་དང་། རྨོངས་ཚོད་ཀྱིས་མི་སྒྲུབ་པ། བདེན་འཚོལ་དོན་གཉེར་དང་། ཕན་འབྲས་དངོས་ལ་མཐོང་ཆེན། ཕྱི་ཚུལ་གྱི་བཟོ་ལྟ་མི་སྟོན་པ་བཅས་བྱེད་དགོས།  “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་དང་།“སྟོང་བཤད་རྒྱལ་ཕུང་དང་། དངོས་སྒྲུབ་རྒྱལ་དར”ཡིད་ལ་བརྟན་པོར་བཅངས་ནས་དངོས་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར་བྱས་ཏེ། རྟོག་དཔྱོད་ཀྱི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་བྱ་བ་ལེགས་སྒྱུར་གྱི་དངོས་ཡོད་བྱེད་ཐབས་ངོ་མར་བསྒྱུར་ཏེ། གནད་དོན་ལ་དམིགས་པ་དང་དཀའ་ངལ་ཁྱད་བསད་བྱས་ནས“སེམས་ཁྲལ་ཆེན་པོ་བྱེད་པའི”འགན་འཁྲིའི་བསམ་པ་དང་ལས་ལ་གཞོལ་རྒྱུའི་སྙིང་སྟོབས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོར་ཁུར་ཏེ་རྣམ་པ་བཟང་པོའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོར་ཕན་འབྲས་ཐོབ་ཡོད་མིན་ལ་ལྟ་བའི་ཆེས་ཐད་ཀར་གྱི་མྱོང་ཚོར་ནི་ཏང་སྲོལ་ཐད་གནས་པའི་གནད་དོན་ཐག་བཅད་ཡོད་མིན་དང་། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་མེད་དེ་རེད”ཅེས་ནན་བཤད་གནང་། ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་སྦྱོང་བརྡར་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་སྐུལ་འདེད་གཏོང་བའི་ཆེས་ཆེ་བའི་སྟོབས་ཤུགས་སུ་བསྒྱུར་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་དངོས་ཐོབ་པར་བྱས་ཚེ། ང་ཚོས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་སྲུང་ཐུབ་ངེས་ཡིན་ལ། སྤྱོད་ཚུལ་བཟང་པོ་དང་སྣང་བརྙན་བཟང་པོར་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་གསར་བ་གསར་གཏོད་བྱེད་ཐུབ་ངེས་ཡིན།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།