དྲི་བ་གྱ་དྲུག བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.06.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་དགོས”ཞེས་ནན་བཤད་གནང་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་རྒྱུ་ནི་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཕྱོགས་སོ་སོའི་ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་པ་དེས།   འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་རྩ་བའི་བླང་བྱ་མཚོན་པ་དང་། བདེ་འཇགས་ཀྱི་རྣམ་པ་གསར་པ་འཛུགས་པའི་འཐབ་ཇུས་ཀྱི་ལས་འགན་གཏན་འཁེལ་གསལ་པོ་བྱས་ཡོད།

འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་ནི་རྩོད་སྒྲུབ་ཀྱི་འགུལ་རྣམ་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡིན།  བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ལྟེ་གནས་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་ཕྱོགས་སུ་བསྒྱུར་ནས། འཕེལ་རྒྱས་གཏོང་རྒྱུ་དེ་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོར་གྱུར་ཡོད། དེ་དང་ཆབས་ཅིག  ང་ཚོའི་ཏང་གིས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཉེས་གསོག་ལ་རྡུང་རྡེག་གཏོང་བ། དཔལ་འབྱོར་འཛུགས་སྐྲུན་དང་ཁྲིམས་ལུགས་འཛུགས་སྐྲུན་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ།  བཅོས་སྒྱུར་དང་འཕེལ་རྒྱས།བརྟན་བརླིང་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་དམིགས་སུ་བཀར་ནས་ནན་བཤད་བྱས་པ་དང་།   རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བར་མ་ཟད་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱས་པ་དང་། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས་བསྐྲུན་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་བའི་ཐོག  རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་འགྲེང་བ་དང་། ཕྱི་རོལ་གྱི་ཁོར་ཡུག་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། ངེས་པར་དུ་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་འཛུགས་དགོས།  འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་བདེ་འཇགས་ཀྱི་རྣམ་པར་ཡང་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་བརྟེན་པའི་ཕྱི་ཕྱོགས་ཁོར་ཡུག་ཁྲོད་ངེས་གཏན་མེད་ལ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་ཕྱིན་པ། “ངང་པ་ནག་པོ”དང“བསེ་རུ་སྐྱ་བོའི”དོན་རྐྱེན་དུས་དང་རྣམ་པ་ཀུན་ཏུ་ཐོན་ཉེན་ཡོད་པ། ཕྱི་ཕྱོགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་པ་བཅས་རེད།  འདི་དག་ཚང་མས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ནི་དོན་ཆེན་གཙོ་བོ་ཡིན”ཞེས་ནན་བཤད་གནང་ཡོད།  ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ངེས་པར་དུ་བདེ་འཇགས་ཀྱི་རྣམ་པ་གསར་པ་འཛུགས་པར་བརྟེན་ནས་འགན་སྲུང་བྱེད་དགོས།

བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་པར།  ཐོག་མར་རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས། གཅིག་ནས་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།  ཆོད་ཆེ་དབང་གྲགས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས།  རྒྱལ་ཁབ་བདེ་འཇགས་ནི་དོན་ཆེན་ཞིག་ཡིན། ཏང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི། རྒྱལ་ཁབ་བདེ་འཇགས་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་རྩ་དོན་ཡིན། བློ་བརྟན་འགྱུར་མེད་སྒོས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལས་དོན་ཁྲོད“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི” ཇེ་དྲག་ཏུ་གཏོང་བ་དང་།“ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གཉིས་ནས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་རྐྱེན་སྲོལ་ལ་ཤུགས་སྣོན་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་དང་། འཐབ་ཇུས་མ་ལག སྲིད་ཇུས་མ་ལག ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་མ་ལག  རྒྱལ་ཁབ་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་བཅས་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་མ་ལག་དང་ཆེད་དམིགས་མཐུན་སྦྱོར་བཀོད་འདོམས་མ་ལག་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་དང་།  རྨང་གཞིའི་སྒྲིག་བཀོད་གལ་ཆེན། དངུལ་རྩ། དྲ་རྒྱ། གཞི་གྲངས། སྐྱེ་དངོས། ཐོན་ཁུངས། ཉིང་རྡུལ།  མཁའ་དབྱིངས། རྒྱ་མཚོ་སོགས་ཀྱི་བདེ་འཇགས་འགན་སྲུང་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།  གསུམ་ནས་བཀག་སྡོམ་ལ་ངོ་རྒོལ་དང་ཐེ་ཇུས་ལ་ངོ་རྒོལ།“དཔུང་རིང་ཇུས་གཏོགས་ལ་ངོ་རྒོལ”བཅས་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ང་ཚོས་ཞི་བདེའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་ཡོད་པར་རེ་བ་བྱེད་ཀྱིན་ཡོད་མོད།  འོན་ཀྱང་ཞི་བདེའི་འཕེལ་རྒྱས་ཀྱི་ཁོར་ཡུག་ནི་ཁུངས་མེད་དུ་བྱུང་བ་ཞིག་མ་ཡིན་པར་འཐབ་རྩོད་ལ་བརྟེན་ནས་བརྩོན་ལེན་བྱེད་དགོས།   རྒྱལ་སྤྱིའི་དགྲར་འཛིན་སྟོབས་ཤུགས་ཀྱིས་མགོ་གནོན་དང་། མཐའ་སྐོར། བཀག་སྡོམ།  ཐེ་གཏོགས་སོགས་ཀྱི་བྱ་སྤྱོད་ལ་དམིགས་ཏེ། ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། བཞི་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྟོབས་ཤུགས་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས་ས་ཁོངས་ཡོངས་མཉམ་འགུལ་དང་ལངས་གཟུགས་ནུས་ཆེའི་རྒྱལ་ཁབ་བདེ་འཇགས་འགོག་སྲུང་མ་ལག་བསྐྲུན་དགོས། གཙོ་གནད་ནི་ཞན་ཆ་ཁ་གསབ་དང་། སྐྱོན་ཆ་འགོག་པ། མི་འདང་སར་ཤུགས་སྣོན་བཅས་བྱས་ཏེ།  ང་ཚོའི་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་དགོས།

བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་པར། ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ལྷག་པར་དུ་གླེང་ཕྱོགས་དང་དྲ་རྒྱའི་གཡུལ་ས་གཙོ་བོ་ཡག་པོར་བསྲུངས་ནས། དགྲ་འཛིན་སྟོབས་ཤུགས་ཀྱིས་བྱེད་སྟངས་སྣ་ཚོགས་བརྒྱུད་ནས་སིམ་འཛུལ་དང་། གཏོར་བཤིག་གཏོང་བ།  རྩ་སློག་གཏོང་བ། ཁ་ཕྲལ་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། ཏང་གིས་ཡུན་རིང་སྲིད་སྐྱོང་བ་དང་། རྒྱལ་ཁབ་ཡུན་རིང་བདེ་འཇགས། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱེད་པར་འགན་ལེན་བྱེད་དགོས།  ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་འདྲེས་ཤིང་། སྟོབས་ཤུགས་ཁ་ཤས་ཀྱིས་བུའུ་ཁི་ལན་གྱི་ཉམས་ཉེན་ལ་བརྟེན་ནས་དོན་རྐྱེན་སློང་བ་དང་རྒྱལ་སྤྱིའི་ཛ་དྲག་གི་གནས་བབ་ ཚབས་ཆེར་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག  རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་རྩ་བརྟན་པོས་སྲུང་སྐྱོབ་བྱེད་པར།   ངེས་པར་དུ་འབྲུ་རིགས་དང་། ནུས་ཁུངས་ཐོན་ཁུངས།  ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གལ་ཆེན་བཅས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། ཀྲུང་གོ་བའི་ཟས་ཕོར་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པར་འགན་ལེན་ཏན་ཏིག་བྱེད་པ།  རྒྱལ་ཁབ་ཀྱིས་ནུས་ཁུངས་ཐོན་ཁུངས་འཕེལ་རྒྱས་བཏང་ནས་མཁོ་སྤྲོད་བརྟན་བརླིང་དང་རྒྱབ་རྟེན་ཆོག་པར་འགན་ལེན་ཏན་ཏིག་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གལ་ཆེན་ལ“ བཀག་སྡོམ”མི་བྱེད་པར་འགན་ལེན་ཏན་ཏིག་བྱེད་པ།  རྒྱལ་ནང་གི་དངུལ་རྩ་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བཅས་བྱེད་དགོས། ང་ཚོས་ད་དུང་རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་རྒྱལ་ཕྱིའི་ཁྲིམས་མཐུན་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། རང་རྒྱལ་གྱི་རྒྱ་མཚོའི་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཉེན་འབྱུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་བདེ་སྡོད་ཉེན་བསམ་ཐུབ་པར་བྱ་རྒྱུ་ནི་ང་ཚོས་ཏང་དང་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན”ཞེས་ནན་བཤད་གནང་ཡོད།   ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་དུ་གནས་ཡོད་པས། ངེས་པར་དུ་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་ནུས་པ་ཆེ་རུ་གཏོང་བ་དང་།  མ་ལག་རང་བཞིན་གྱི་བདེ་འཇགས་ཉེན་ཁ་འགོག་ཟོན་ནན་མོ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་མི་འབྱུང་བ་བྱས་ནས།   ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་བར་ཆད་མི་ཐེབས་པར་ཁག་ཐེག་བྱེད་དགོས།

བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་པར། ངེས་པར་དུ་བསམ་བློར་དྲག་ཆས་སྤྲོས་པ་དང་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བར་ཤུགས་སྣོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་བྱང་ཚད་མཐོ་རུ་གཏོང་བ་དང་། རིམ་པ་སོ་སོའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། སྤྱི་ཚོགས་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།