ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུའུ་ཡིས་རིག་དངོས་དྲིལ་སྒྲོག་བྱེད་སྒོ་དེ་བརྗོད་དོན་སློབ་གསོ་སྤེལ་བ་དང་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། དམིགས་འབེན་ལག་བསྟར་གྱིས་དམངས་ལ་ཞབས་འདེགས་ཞུ་བ། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་འཆད་པ་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་ཤིག་ཏུ་བརྩིས་ནས། དྲིལ་སྒྲོག་ཐབས་ལམ་སྣ་ཚོགས་སྤྱད་དེ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་དེ། རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོར་བཤམས་པའི་ཤུལ་བཞག་རིག་དངོས། དཔེ་རྙིང་དུ་བྲིས་པའི་ཡི་གེ་བཅས་ལ་གསོན་ཤུགས་རྒྱས་པར་སྐུལ་འདེད་བཏང་།
སྤྱི་དམངས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་དམངས་དང་རྟེན་རྫས་བཤམས་མཛོད་ཁང་བར་གྱི་བརྗེ་རེས་ཀྱི་འབྲེལ་ཟམ་ཡག་པོ་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་དྲིལ་སྒྲོག་འགྲེམས་སྟོན་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་གཏོད་པར། མཚོ་སྔོན་གྱི་རིག་དངོས་གཏམ་རྒྱུད་བརྗོད་པ་དང་མཚོ་སྔོན་གྱི་རིག་དངོས་སྲུང་སྐྱོབ་ལས་དོན་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་རིག་དངོས་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་པར་འབོད་སྐུལ་བཏང་།
རིག་དངོས་སྲུང་སྐྱོང་མི་སྣ་ཡག་ཤོས་འཚོལ་བའི་བྱེད་སྒོ་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོབ་མཁན་ཡག་ཤོས་འོས་སྦྱོར་དང་དྲིལ་སྒྲོག་བྱས་ཏེ། རིག་དངོས་བྱ་བ་སྒྲུབ་མཁན་གྱིས་ལས་བཀུར་ལས་བརྩོན་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱིས་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པར་སྣེ་ཁྲིད་བྱས། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཀྱི་རང་རྟོན་འཕེལ་བའི་བརྗོད་དོན་གཙོ་བོར་དམིགས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་པ་དང་རིག་དངོས་སྤྱི་ཕན་ཆོད་སྡོམ་དང་། རིག་གནས་གསར་གཏོད་ཀྱི་ཐོན་རྫས་འགྲེམས་སྟོན་བྱེད་པ། རིག་དངོས་སྲིད་ཇུས་བློ་འདྲི་སོགས་དམངས་ཕན་བྱེད་སྒོ་སྤེལ་བ་དང་། ཞིང་ཆེན་ནང་ཁུལ་གྱི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུའི་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས། གྲོང་མི་རྣམས་ཀྱིས་ཉར་ཚགས་དངོས་པོར་སྤྱི་ཕན་གསལ་འབྱེད་དང་བློ་འདྲི་བྱས་ནས། མི་དམངས་མང་ཚོགས་ཀྱིས་རིག་དངོས་ཉར་ཚགས་དང་བརྟག་དཔྱད་བྱེད་པའི་དགོས་མཁོ་བསྐངས་ཏེ། སྤྱི་ཚོགས་ཡོངས་ཀྱིས་རིག་དངོས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། སྤྱི་ཚོགས་ཡོངས་ལ་ཡང་དག་པའི་རིག་དངོས་ཉར་ཚགས་ཀྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས། དུས་མཚུངས་སུ། ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་དུས་མཚམས་དབྱེ་ནས་རིན་མི་དགོས་པར་དང་བླངས་འགྲེལ་བཤད་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ། འགྱིག་གི་ཐེལ་ཙེ་བརྐོ་བཟོ་བྱེད་པ་སོགས་ཀྱི་གཞོན་ནུ་ལོ་ཆུང་གི་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། རྒྱུ་མང་རིག་གནས་ཁྲོད་ཀྱི་མཚོ་སྔོན། དངོས་མིན་རིག་གནས་ཤུལ་བཞག་ལ་ལྟ་བ་ཞེས་པའི་བརྗོད་དོན་གཙོ་བོའི་ཐད་གཏོང་བྱ་འགུལ་སྤེལ་ནས། རྒྱ་ཆེའི་ལྟད་མོ་བ་རྣམས་ལ་མཚོ་སྔོན་དང་མཉམ་གནས་བྱེད་པའི་སྣ་མང་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན་འགྲེལ་བཤད་བྱས་ནས། རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ། རིག་གནས་ཀྱི་ངོས་ཟིན་ཆེ་རུ་གཏོང་བ་བཅས་བྱས་ནས་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།