ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཉིས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་ཐད་ཇུས་འགོད་དང་བཀོད་སྒྲིག་གསར་པ་བྱས་ཡོད་པ་དང་། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་གསལ་བཤད་བྱས་ཡོད། ང་ཚོས་ཆབ་སྲིད་དང་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་འཐབ་ཇུས་ཀྱི་བཀོད་སྒྲིག་འདིའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་བྱེད་ཐབས་སོ་སོ་དོན་འཁྱོལ་ནུས་ལྡན་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས།
དུས་རབས་གསར་པའི་ལོ་བཅུའི་རིང་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་ངེས་པར་དུ་དམག་དཔུང་སྟོབས་ལྡན་དུ་གཏོང་བ་དང་། དམག་དཔུང་སྟོབས་ལྡན་ཡིན་ཚེ་རྒྱལ་ཁབ་བདེ་འཇགས་ཡིན་ངེས། དུས་ཡུན་རིང་པོའི་ལག་ལེན་གྱི་ཁྲོད་དུ་ང་ཚོའི་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། དོ་མཉམ་ངང་འཕེལ་རྒྱས་གཏོང་བ། མཉམ་ཤོང་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱུག་པོ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ཆེན་པོ་གཉིས་གཅིག་གྱུར་ཡོང་བར་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་བྱས་ཏེ། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་པར་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ནས། རྩེ་རིམ་འཆར་འགོད་བྱེད་ཤུགས་མངོན་གསལ་གྱིས་ཆེ་རུ་གཏོང་བར་སྐུལ་འདེད་དང་། ལམ་ལུགས་དང་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་པ། གསར་གཏོད་དང་ལག་ལེན་རིམ་བཞིན་གཏིང་ཟབ་ཏུ་སྤེལ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས། དམག་དོན་ཤེས་ལྡན་མི་སྣ་སྐྱེད་སྲིང་།རྒྱལ་སྲུང་སྐུལ་སློང་སོགས་ཐད་ཀྱི་རོགས་ལས་གཏིང་ཟབ་དང་རྒྱ་སྐྱེད་བཏང་བ། གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས། གསར་དར་ཁྱབ་ཁོངས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཏན་ཏིག་སྤོས་པ་བཅས་ཀྱིས་རྒྱལ་སྲུང་དངོས་ཤུགས་དང་དཔལ་འབྱོར་དངོས་ཤུགས་དུས་མཉམ་དུ་ཆེ་རུ་འགྲོ་བར་སྐུལ་འདེད་ནུས་ལྡན་བྱས། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ཕན་པ་དང་། རྒྱལ་ཁབ་ཀྱི་དམག་འཁྲུག་གི་སྦས་ཤུགས་དང་རྒྱལ་སྲུང་དངོས་ཤུགས་ཆེ་རུ་གཏོང་བར་ཕན་པ་ཡོད་པས། ངེས་པར་དུ་གཏིང་ཟབ་ཅིང་རྒྱུན་སྲིང་གི་སྒོ་ནས་དམ་འཛིན་བྱས་ཏེ་ཕན་འབྲས་སྔར་ལས་ཆེ་བ་ཐོན་པར་བྱེད་དགོས་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད།
གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་ནི། རྙོག་འཛིང་ཆེ་བའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་ཁ་གཏད་གཅོག་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལེགས་ཆ་ལེན་པའི་བྱེད་ཐབས་གལ་ཆེན་ཞིག་རེད། དེང་སྐབས། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གང་མགྱོགས་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་རྣམ་པའི་ཐོག་ནས་འབྱུང་བཞིན་ཡོད། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་ཟབ་མོ་བྱུང་བ་ལས་གོ་སྐབས་གསར་པ་རེག་ཐུབ་ལ། རང་རྒྱལ་གྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་སློང་ནི་སྔོན་དང་བསྡུར་ན་སྔར་ལས་སྣེ་མང་རྙོག་འཛིང་དུའང་འགྱུར་བཞིན་ཡོད། དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་བཅོས་སྒྱུར་དང་འཕེལ་རྒྱས།བརྟན་ལྷིང་བཅས་ཀྱི་ལས་འགན་ལེགས་གྲུབ་བྱེད་པར་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་སེལ་བ། འགལ་ཟླ་ཆེན་པོ་ཐག་གཅོད་བཅས་བྱེད་པར་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ལ་འགན་སྲུང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློས་འགེལ་ཆོག་པའི་འདེགས་སྐྱོར་བྱེད་དགོས། རེབ་གསར་པའི་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར།དམག་དོན་གསར་བརྗེ་བཅས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་བསྟུན་ནས་འཛམ་གླིང་གི་རྒྱལ་ཁབ་གཙོ་བོས་གཅིག་རྗེས་གཉིས་མཐུད་ངང་འཐབ་ཇུས་གཏོང་ཤུགས་ཇེ་དྲག་ཏུ་བཏང་སྟེ། མིས་བཟོས་རིག་ནུས་དང་དྲ་རྒྱའི་ཆ་འཕྲིན། སྐྱེ་དངོས་སྣོལ་འདྲེས། དཔེ་གསར་རྒྱུ་ཆ་སོགས་ཁྱབ་ཁོངས་སུ་འགྲན་རྩོད་དྲག་པོ་བྱེད་བཞིན་ཡོད། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཁག་གི་འཐབ་ཇུས་བཀོད་པ་མཉམ་འདྲེས་བྱེད་པ། ཕྱོགས་སོ་སོའི་འཐབ་ཇུས་ཐོན་ཁུངས་ཧྲིལ་བསྡུ་བྱེད་པ། འཐབ་ཇུས་སྟོབས་ཤུགས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བཅས་བྱས་ཚེ། གཞི་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལེགས་ཆ་གཅིག་སྡུད་གང་ཐུབ་བྱས་ནས་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་འགུལ་སྟངས་འཛིན་བྱེད་ཐུབ།
གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་ནི་ལོ་བརྒྱའི་དམག་འཛུགས་ཀྱི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་ཡིན། ཨེན་ཀེ་སིས་དམག་དཔུང་གི་རྩ་འཛུགས་ཡོད་ཚད་དང་དམག་འཐབ་བྱེད་སྟངས། དེ་མིན་དེ་དང་འབྲེལ་བ་ཡོད་པའི་རྒྱལ་ཕམ་ནི་དངོས་པོ་སྟེ་དཔལ་འབྱོར་གྱི་ཆ་རྐྱེན་ལ་རག་ལས་ཀྱི་ཡོད་ཅེས་གསུངས་པ་རེད། སྟོབས་དང་ལྡན་པའི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཇེ་དྲག་ཏུ་གཏོང་རྒྱུ་ནི་དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་མངོན་འགྱུར་བྱེད་པ། མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་སྐྲུན་པའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་དེང་རབས་ཅན་གྱི་འཕེལ་རྒྱས་ལ་མཐུན་སྦྱོར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མ་ལག་དང་མཉམ་འདྲེས་བྱེད་པ། རང་རྒྱལ་གྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་དངོས་པོ་དང་ལག་རྩལ་གྱི་རྨང་གཞིར་རྩ་བ་ཚུགས་པ་བཅས་བྱས་ཚེ། ད་གཟོད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་ཐུབ་པ་དང་དུས་བཅད་ལྟར་དམིགས་འབེན་མངོན་འགྱུར་བྱེད་ཐུབ། དུས་མཚུངས་སུ། དམག་འཁྲུག་གི་རྩ་ཚད་ནས་བལྟས་ན། གཡུལ་སར་འགྲན་ཟླར་ལངས་པ་ནི་དམག་དོན་མ་ལག་བར་གྱི་འགྲན་སྡུར་ཙམ་མ་ཡིན་པར་རྒྱལ་ཁབ་ཧྲིལ་བོའི་དངོས་ཤུགས་རྨང་གཞི་ཡིན་པའི་ཁོངས་གཏོགས་སུ་འགྲན་ཟླར་ལངས་པ་གཅིག་བསྡུས་ཀྱིས་མཚོན་ཡོད་པས། སུ་ཞིག་གིས་ཚད་ཆེས་ཆེ་བའི་སྒོ་ནས་རྒྱལ་ཁབ་ཧྲིལ་བོའི་དངོས་ཤུགས་མ་ལག་ཧྲིལ་བསྡུ་བྱེད་ཐུབ་ན་དེར་དམག་དོན་འགྲན་རྩོད་ཀྱི་དགེ་མཚན་ཐོབ་ཐུབ། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་ཐུབ་ན། ད་གཟོད་རྒྱལ་ཁབ་ཀྱི་འཐབ་ཇུས་འགྲན་རྩོད་ནུས་ཤུགས་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས། དམག་དཔུང་གི་འཐབ་འཛིང་ནུས་ཤུགས་བཅས་ཀྱི་ཟུང་སྦྱོར་འབྲེལ་བར་སྐུལ་འདེད་གཏོང་ཐུབ་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དངོས་ཤུགས་དེ་སྔོན་ཐོན་གྱི་འཐབ་འཛིང་ནུས་ཤུགས་དང་། མ་ལག་གི་འགོག་རྒོལ་ནུས་ཤུགས་སུ་བསྒྱུར་བའི་ཐབས་ལམ་ལ་ཐོགས་པ་མེད་པ་དང་།མི་དམངས་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་འགན་སྲུང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་མཐོར་འདེགས་གཏོང་ཐུབ་ལ། དུས་རབས་གསར་པའི་འགན་འཁྲི་ཡང་ཕན་ནུས་ལྡན་པའི་སྒོ་ནས་སྒྲུབ་ཐུབ།
གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་ཞིང་། དེ་དང་འབྲེལ་བའི་ཁྱབ་ཁོངས་རྒྱ་ཆེ་བ་དང་ཁྱབ་རྒྱ་ཆེ་བ། ནང་དོན་མང་བ་བཅས་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འབྲེལ་ཡོད་འཐབ་ཇུས་བཀོད་སྒྲིག་ཚད་གཞི་མཐོན་པོས་དོན་འཁྱོལ་བྱེད་པར།དམག་དཔུང་དང་ས་གནས་ཀྱི་འཐབ་ཇུས་འཆར་འགོད་གཅིག་འདོམས་དང་། སྲིད་ཇུས་དང་ལམ་ལུགས་སྦྲེལ་མཐུད། ཐོན་ཁུངས་བདག་རྐྱེན་མཉམ་སྤྱོད་བཅས་བྱེད་པར་ཤུགས་རྒྱག་དགོས།རྒྱལ་སྲུང་ཚན་རྩལ་བཟོ་ལས་མ་ལག་དང་བཀོད་པ་ཇེ་ལེགས་སུ་གཏོང་དང་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཆེ་རུ་གཏོང་བ་དང་།དེང་རབས་ཀྱི་མཐའ་སྲུང་མཚོ་སྲུང་མཁའ་སྲུང་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།གཙོ་གནད་ཐོད་བརྒལ་གྱིས་སྤྱི་ཡོངས་མཐོར་འདེགས་གཏོང་བར་སྐུལ་ཁྲིད་བྱེད་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཟབ་སྤེལ་བྱེད་དགོས།དམག་མི་དང་དམག་མིའི་ཁྱིམ་མིར་མཚན་སྙན་སྤྲད་ནས་སྐུལ་ལྕག་གཏོང་བ་དང་ཁེ་དབང་འགན་སྲུང་བྱེད་པར་ཤུགས་རྒྱག་པ་དང་། དམག་ཁོངས་ནས་བུད་པའི་དམག་མིའི་ཞབས་ཞུ་འགན་སྲུང་ལས་ཀ་ལེགས་པོར་བསྒྲུབ་དགོས།དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།སྤྱི་ཚོགས་ཡོངས་སུ་དམག་མིར་གོང་བཀུར་དང་། རྒྱལ་སྲུང་ལ་སེམས་ཁུར། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་གསར་བ་ཞིག་ཆགས་པར་བྱེད་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།