རི་སྔོ་ཆུ་དྭངས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད།
2023.06.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 12

  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བཙན་མོ་སྡེ་བའི་གྲོང་གསེབ་དར་སྤེལ་གྱི་གནས་ཚུལ།

ལྔ་བའི་ཚེས་ལྔའི་གུང་གསེང་གི་སྐབས་སུ། མཐོ་སྒང་དུ་ཆགས་པའི་བཙན་མོ་སྡེ་བས་ཡུལ་སྐོར་པ་མང་པོ་ཞིག་བསུས། ང་ཚོས་མི་གཞན་གྱིས་སྤེལ་བའི་བརྙན་ཐུང་མཐོང་རྗེས། དེ་རིང་བསམ་བཞིན་དུ་ལྟ་རུ་ཡོང་བ་ཡིན། གནས་འདིར་རི་ཆུ་འཛོམས་ཤིང་བོད་ལུགས་ཀྱི་དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་ཡོད་པས། དངོས་གནས་མིང་དོན་གཉིས་ལྡན་རེད་ཅེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་པ་མཱ་ཧྥུའུ་ཀུའེ་ཡིས་བཤད་ཞོར་དུ་མཛེས་ལྗོངས་པར་བླངས།

བཙན་མོ་སྡེ་བ་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་ཀྱི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བཙན་མོ་ཡུལ་ཚོར་ཆགས་ཡོད་ལ། དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་རོང་བོ་དགུ་ཆུའི་སྟོད་རྒྱུད་ཀྱི་བཙན་མོ་ཆུ་མཛོད་ཀྱི་ཉེ་འགྲམ་དུ་གནས་ཡོད། ཡུལ་ཚོ་མངའ་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་གསུམ་ཆགས་ཡོད་པ་དང་། རང་བྱུང་དང་མི་ཆོས་ཐོན་ཁུངས་ཁྱད་དུ་འཕགས་པ་ཡོད།

སྡེ་འདབས་སུ་བཙུགས་པའི་རྡོ་རིང་ངོས་སུ་མཐོ་སྒང་གི་ཆེས་མཛེས་པའི་བོད་རིགས་ཡུལ་ཚོ་སྟེ་བཙན་མོ་ཞེས་པའི་ཡིག་འབྲུ་བརྐོས་ཡོད་པ་དང་། སྡེ་བའི་གཞུང་ལམ་གྲལ་དག་ལ་ཁོད་ཡངས་ཤིང་། འགྲམ་གཉིས་སུ་བཟོ་ལུགས་ཁྱད་དུ་འཕགས་པའི་བོད་རིགས་ཀྱི་སྡོད་ཁང་བསྐྲུན་ཡོད་པ་དེས་གནས་འདིར་མི་རིགས་ཡུལ་སྲོལ་ཀྱིས་ཁྱད་དུ་བརྒྱན་ཡོད།

བཙན་མོ་སྡེ་བར་ཁྱིམ་ཚང227དང་མི1000ལྷག་ཡོད་ལ། རྨོ་ཞིང་གི་རྒྱ་ཁྱོན་མུའུ880ཡོད་པ་དང་། རོང་མ་འབྲོག་གི་སྡེ་བ་ཞིག་ཡིན། སྡེ་མི་རྣམས་ཀྱིས་ཕྱིར་དྲན་ལྟར་ན། སྔོན་ཆད་གཞུང་ལམ་དུ་འདམ་རྫབ་ཆེ་བ་དང་སྡོད་ཁང་རྙིང་ལ། ཆུ་གློག་ལམ་དྲ་བཅས་ཤར་གཏོང་ཐུབ་མེད། མི་རབས་ནས་མི་རབས་བར་གནས་འདིར་འཚོ་སྡོད་བྱེད་པའི་སྡེ་མི་ཚོས་ནས་དང་གྲོ་འདེབས་འཛུགས་བྱེད་པ་ལ་བརྟེན་ནས་རང་མཁོ་རང་སྤྲོད་བྱེད་པས་ཡོང་འབབ་འཕར་བར་ཚད་བཀག་ཆེན་པོ་ཐེབས་ཡོད།

2014ལོར། སྲོལ་རྒྱུན་སྡེ་བར་སྲུང་སྐྱོང་དང་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་སོགས་ཀྱི་ལས་གཞི་སྔ་གཞུག་ཏུ་དངོས་འབེབས་བྱས་པ་དང་བསྟུན་ནས། ཁང་རྙིང་ཞིག་གསོ་དང་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་། མི་རིགས་ཁྱད་ལྡན་རིག་གནས་ཐང་ཆེན་འཛུགས་སྐྲུན་སོགས་བྱས་པས། བཙན་མོ་སྡེ་བ་དེ་རིམ་བཞིན་བྱེད་ནུས་ཆ་ཚང་ལྡན་པའི་ཞང་གྲོང་ཞིག་ཏུ་གྱུར་ལ།  སྡེ་བའི་རྣམ་པའང་གསར་བ་གསར་རྐྱང་དུ་གྱུར་ཡོད།

ཉིན་གུང་ཡོལ་རྗེས། བཙན་མོ་སྡེ་བའི་མཛེས་ལྗོངས་ཁུལ་དུ། ཧུའུ་པེ་དང་ཀན་སུའུ་སོགས་ས་ཁུལ་ནས་ཡོང་བའི་ཡུལ་སྐོར་པས་མཐོ་སྒང་གི་མཛེས་ལྗོངས་ལ་རྒྱང་བལྟ་བྱེད་ཞོར་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས།

པེ་ཅིན་ནས་ཡོང་བའི་ཀྲའོ་དབྱི་ལིན་ནི་བཙན་མོའི་མཛེས་ལྗོངས་ཁུལ་གྱི་ལས་གཞིའི་འགན་ཁུར་པ་ཡིན། ཁོས་མཚམས་སྦྱོར་བྱས་པ་ལྟར་ན། མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་དུས་མགོར། སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་ཆེད་དམིགས་མ་དངུལ་བཏང་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། ཁེ་ལས་ཀྱིས་དུས་བཅད་ལྟར་མི་དམངས་ལ་ཡོང་སྒོ་བགོས། ས་གནས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོང་བ་དང་བསྟུན། ད་ལོར་ཁེ་ལས་ཀྱིས་ཞང་གྲོང་དང་མཉམ་ལས་བྱས་ཏེ། ཉེ་འགྲམ་གྱི་སྡེ་བ་རུ་ཁྱིམ་ཚང་བཅུ་བདམས་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་རྩིས་ཡོད་པ་དང་། རིན་མེད་ངང་བཟའ་བཏུང་དང་དོ་དམ་སོགས་ཀྱི་གསོ་སྦྱོང་འདོན་སྤྲོད་བྱས་ཏེ། སྲིད་གཞུང་གིས་སྣེ་ཁྲིད་དང་ཀུང་ཟིས་འཁོར་སྤྱོད། མང་ཚོགས་ཀྱིས་ཁེ་སྤོགས་ལོངས་སྤྱོད་ཀྱི་བདག་གཉེར་རྣམ་པ་བརྒྱུད་དེ། སྡེ་མིས་བདག་གཉེར་ཐབས་ལམ་སློབ་སྦྱོང་དང་། སྡེ་བའི“ཁྲག་བཟོའི”བྱེད་ནུས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་རྒྱུ་རེད།

རི་སྔོ་ཆུ་དྭངས་ལ་བརྟེན་ནས་སྡེ་མི་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་ནི། ད་གཟོད་གྲོང་གསེབ་དར་སྤེལ་གྱི་གཞི་འབབ་ས་ཡིན་ཞེས་བཙན་མོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཨན་གྱིས་དེ་ལྟར་བཤད་པ་དང་། ཉེ་བའི་ལོ་འགའི་རིང་། བཙན་མོ་ཡུལ་ཚོས་མུ་མཐུད་དུ་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག སྡེ་བ་རེར་ཐོན་རྫས་རེ་དང་སྡེ་བ་རེར་ཉམས་འགྱུར་རེའི་འདུ་ཤེས་ལྟར། སྔ་རྗེས་སུ་མ་དངུལ་སྒོར་བྱེ་བ་གསུམ་ལྷག་བཏང་ནས། བཙན་མོ་སྡེ་བའི་ཡུལ་སྐོར་སྤྲོ་གསེང་སྒར་ས་སོགས་ཡུལ་སྐོར་ཆ་སྡེབ་སྒྲིག་ཆས་འཛུགས་སྐྲུན་བྱས་པ་མ་ཟད། རྟ་རྒྱུག་འགྲན་ཚོགས་དང་བོད་ཀྱི་ཟློས་གར་འཁྲབ་སྟོན་སོགས་ལ་བརྟེན་ནས། བོད་ཀྱི་དམངས་སྲོལ་ཉམས་ལེན་དང་ཁྱིམ་ཚང་མགྲོན་ཁང་སྣེ་ལེན་ཞབས་ཞུ་ཐོན་ལས་འཕེལ་རྒྱས་སུ་བཏང་།

སྔོན་ཆད་སུས་ཀྱང་ཆ་རྒྱུས་མེད་པའི་བོད་རིགས་སྡེ་བ་ཞིག་ནས་ད་ལྟ་སྐྱེ་ཁམས་ནུས་པས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“རྒྱལ་ཡོངས་སྐྱེ་ཁམས་རིག་གནས་སྡེ་བ”དང“རྒྱལ་ཡོངས་ཞང་གྲོང་ཡུལ་སྐོར་གཙོ་གནད་སྡེ་བར”འགྱུར་ལྡོག་བྱུང་བ་ནི་བཙན་མོ་སྡེ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཡིན་ལ། མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་གྱི་བསྡུས་གཟུགས་ཤིག་ཀྱང་ཡིན།

བསྡོམས་རྩིས་ལྟར་ན། 2021ལོར་བཙན་མོ་སྡེ་བས་ཡུལ་སྐོར་པ་མི་ཐེངས་ཁྲི2ལྷག་སྣེ་ལེན་བྱས་ཤིང་། 2022ལོར་སྡེ་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱར་སླེབས་ཡོད།

ད་ལོ24ཡིན་པའི་སྙིང་མོ་སྐྱིད་ནི་ཕ་ཡུལ་དུ་ལས་ཞུགས་བྱེད་པར་ལོག་པའི་ས་གནས་ཀྱི་བུ་མོ་ཞིག་ཡིན། ཆེད་སྦྱོང་ཚན་ཁག་ནས་སློབ་མཐར་ཕྱིན་པའི་ཁོ་མོ་ད་ལོར་ཕ་ཡུལ་གྱི་མཛེས་ལྗོངས་ཁུལ་དུ་ལས་ཞུགས་བྱས། སྙིང་མོ་སྐྱིད་ཀྱིས་བཤད་རྒྱུར། ཁྱིམ་ཚང་སྒོ་ཁ་ནས་ལས་ཞུགས་ཐག་གཅོད་བྱས་ཡོད་པ་ནི་ཁོ་མོ་གཅིག་པུ་མིན།  མཛེས་ལྗོངས་ཁུལ་དུ་ལས་ཞུགས་བྱས་རྗེས། ལོ80ལ་སོན་པའི་ཨ་མྱེས་ཀྱིས་རྒྱུན་དུ་ཡུལ་སྐོར་བའི་མང་ཉུང་འདྲི་ལ། ཉེ་ལམ་རླངས་འཁོར་མང་བ་དང་མགྲོན་ཁང་དུ་འགྲུལ་བས་བཀང་ཡོད་པ་གོ་རྗེས། ཁོ་རང་དགའ་སྤྲོ་ཆེན་པོ་སྐྱེ་ཡོད།    ཞང་གྲོང་ཡུལ་སྐོར་འཕེལ་རྒྱས་སོང་རྗེས།  སྡེ་བའི་མཚན་སྙན་ཀྱང་སྔར་ལས་ཇེ་ཆེར་སོང་སྟེ། སྡེ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཚང་མར་ཡིད་ཆེས་ཀྱིས་ཁེངས་ཡོད། “སྡེ་མི་ཁ་ཤས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་ནས། རང་འགུལ་ངང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཁྱད་ལྡན་བཟའ་བཏུང་སོགས་ཀྱི་ཚོང་ཁང་གཉེར་བ་དང་། དུས་རབས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ངའི་ཕ་ཡུལ་གྱི་མ་འོངས་པའང་སྔར་ལས་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་སྲིད”ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།