ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བས། མི་དམངས་དམག་དཔུང་གི་འགོ་ཁྲིད་དེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དེའི་སྐོར་ལ་ཕྱོགས་བསྡོམས་དང་རྒྱས་བཤད་ཚད་མཐོན་པོ་བྱས་ཡོད། དུས་རབས་གསར་པའི་ལོ་ངོ་བཅུའི་རིང་གི་མི་དམངས་དམག་དཔུང་གི་རླབས་ཆེན་འཕོ་འགྱུར་ཐད་ལ་ཕྱོགས་གསུམ་ནས་ངོས་འཛིན་བྱས་ཆོག་སྟེ།
དང་པོ། ལོ་བཅུའི་རིང་འབད་འཐབ་བྱས་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ་བརྒྱུད་མི་དམངས་དམག་དཔུང་ལ་སྤྱི་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་བསྐྱར་སྐྲུན་བྱུང་ཡོད། ལོ་བཅུའི་རིང་དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཤིང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཏང་གི་དམིགས་འབེན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ནས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་པ་དང་། དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ནུས་ལྡན་སྒོས་བསྒྲུབས་ནས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད།
ལོ་བཅུ་བོ་འདིའི་རིང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཡོད། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀུའུ་ཐེན་གྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་སྦྱོང་སྒྲིག་ལ་སྐུལ་འདེད་བཏང་བ་དང་། སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་རྒོལ་བ་རྒྱུན་འཁྱོངས་བྱས་ཏེ། ལམ་ཆས་བསྒྲིལ་ནས་ཡང་བསྐྱར་རྡོག་ཐོན་བྱས་ཡོད། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་དེ་སྐབས་ཤིག་རིང་ཉམས་ཞན་དུ་བཏང་བའི་འབུར་ཐོན་གྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཤིང་། མི་དམངས་དམག་དཔུང་གིས་ཆབ་སྲིད་ཀྱི་རྩ་འཛིན་དང་སྒྲིག་ཁྲིམས་སླར་ཡང་དར་སྤེལ་གཏོང་བ་དང་། སྤྱོད་ཚུལ་གྱི་སྣང་བརྙན་བསྐྱར་སྐྲུན་བྱེད་པར་མཐོང་ཆེན་བྱས་པས། ཆབ་སྲིད་སྐྱེ་ཁམས་དང་བསམ་པའི་རྣམ་པར་གསར་བརྗེའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།
ལོ་བཅུ་བོ་འདིའི་རིང་། མི་དམངས་དམག་དཔུང་གི་རྩ་འཛུགས་རྣམ་པ་སྤྱི་ཡོངས་ནས་བསྐྱར་སྐྲུན་བྱས་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་ཡུན་རིང་གནས་པའི་སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་དང་། གྲུབ་ཆའི་རང་བཞིན་གྱི་འགལ་ཟླ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་ལ་དམིགས་ནས། བློ་གཤོགས་ཆེན་པོས་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། མི་དམངས་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་དང་། དེང་རབས་དམག་དོན་སྟོབས་ཤུགས་མ་ལག དམག་དོན་སྲིད་ཇུས་དང་ལམ་ལུགས་བཅས་བསྐྱར་སྒྲིག་བྱས་ཏེ། དམག་ཨུད་ཀྱིས་སྤྱི་ཡོངས་ལ་དོ་དམ་བྱེད་པ་དང་། འཐབ་ཁུལ་གྱིས་གཙོ་འཐབ་བྱེད་པ། དམག་རིགས་ཀྱིས་གཙོ་འཛུགས་བྱེད་པ་བཅས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་ཤིང་། དམག་འཐབ་སྟོབས་ཤུགས་ཧྲག་པོས་གྲུབ་ཆ་གཙོ་བོར་བྱེད་པའི་དམག་དོན་སྟོབས་ཤུགས་ཀྱི་མ་ལག་བཙུགས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་དང་ལམ་ལུགས་མ་ལག་ཅིག་ཆགས་པར་བྱས་ཡོད།
ལོ་བཅུ་བོ་འདིའི་རིང་། མི་དམངས་དམག་དཔུང་གི་ཟིལ་ཤུགས་དང་དངོས་འཐབ་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད། དམག་འཐབ་ནུས་པ་ཞེས་པའི་རྩ་བའི་ཚད་གཞི་ཁོ་ན་འདི་བརྟན་པོར་བཙུགས་ཏེ། ལས་དོན་གྱི་གཙོ་གནད་དེ་དམག་གྲབས་དང་དམག་འཐབ་བྱེད་པའི་ཐོག་མཐའ་གཅིག་ཏུ་བཞག་ནས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་ཤུགས་ཆེན་པོས་དམ་འཛིན་བྱས་པ་དང་། ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཟིལ་ཤུགས་དང་མཉམ་འབྲེལ་དམག་འཐབ་ཀྱི་མ་ལག་བསྐྲུན་ཡོད། ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་དམག་དོན་འཐབ་རྩོད་ལ་གཅིག་གྱུར་འཆར་འགོད་ཀྱིས་ཤུགས་སྣོན་བྱས་པ་དང་། ཕྱི་ཕྱོགས་ཀྱི་དམག་དོན་འགྲན་སློང་ལ་ནུས་ལྡན་ངང་ཁ་གཏད་འཇལ་བ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ལ་ཟིལ་གནོན་བཅས་བྱས་ནས། མཐའ་སྲུང་འཐབ་རྩོད་དང་། མཚོ་ཐོག་ཁེ་དབང་སྲུང་སྐྱོང་། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་། ཉེན་སེལ་རྒུབ་སྐྱོབ། རིམས་ནད་ལ་འགོག་རྒོལ། ཞི་བདེ་སྲུང་སྐྱོང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ། རྒྱལ་སྤྱིའི་དམག་དོན་མཉམ་ལས་སོགས་ཀྱི་ལས་འགན་གལ་ཆེན་དག་རེ་རེ་བཞིན་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཡོད།
ལོ་བཅུ་བོ་འདིའི་རིང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་མངོན་གསལ་སྒོས་ཇེ་མགྱོགས་སུ་ཕྱིན་ཡོད། དམག་དོན་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། གོ་མཚོན་སྒྲིག་ཆས་དེང་རབས་ཅན་བཅས་སུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཡོད་ཚད་དམག་འཐབ་ཀྱི་ཆེད་དུ་ཡིན་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། གོ་མཚོན་སྒྲིག་ཆས་དེང་རབས་ཅན་དུ་འགྱུར་བའི་དོ་དམ་མ་ལག་འཛུགས་པ། རྒྱལ་སྲུང་ཚན་རྩལ་རང་བདག་གསར་སྐྲུན་ནུས་པ་ཆེ་རུ་གཏོང་བ། མི་དམངས་དམག་དཔུང་རྩ་བའི་ཆ་ནས་འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བཅས་བྱུང་ནས། འཐབ་ཇུས་ཀྱི་ནུས་པ་སྔར་ལས་ཆེ་རུ་ཕྱིན་ཡོད།
གཉིས་པ། མི་དམངས་དམག་དཔུང་གི་རླབས་ཆེན་འཕོ་འགྱུར་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་བ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དམིགས་པ་དང་། དུས་རབས་གསར་པར་མི་དམངས་དམག་དཔུང་སྟོབས་ལྡན་ཅི་འདྲ་ཞིག་འཛུགས་སྐྲུན་དང་མི་དམངས་དམག་དཔུང་སྟོབས་ལྡན་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ། རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་ལག་ལེན་གསར་གཏོད་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སྟེ་མར་ཁེ་སིའི་རིང་ལུགས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་བཏོད་ཡོད། མི་དམངས་དམག་དཔུང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པའི་མཛུབ་སྟོན་གོ་གནས་བརྟན་པོར་བཙུགས་ནས། རང་རྟོགས་སྒོས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཤིང་། བློ་བརྟན་འགྱུར་མེད་སྒོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་གྱི་རྣམ་པ་གསར་པ་གསར་གཏོད་བྱས་ཡོད། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལས་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་མངོན་པ་དེ་ནི་མི་དམངས་དམག་དཔུང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམག་འཐབ་ལས་རྣམ་པར་རྒྱལ་བའི་ཐབས་ལམ་ཞིག་དང་དུས་རབས་གསར་པར་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚན་རིག་གི་ཕྱོགས་སྟོན་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན།
གསུམ་པ། མི་དམངས་དམག་དཔུང་གི་རླབས་ཆེན་འཕོ་འགྱུར་གྱིས་དམག་ཡོངས་ལ་སྔར་ལས་ཡིད་ཆེས་བརྟན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་བུའི་ཐོག་ལེགས་པར་སྐྱོད་དགོས་པའི་སྐུལ་ལྕག་བཏང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་བུ་ནི་ཏང་གིས་མི་དམངས་དམག་དཔུང་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་འགོ་ཁྲིད་གནང་བའི་ལོ་རྒྱུས་ཀྱི་ཉིང་བཅུད་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རླབས་ཆེན་ལས་དོན་ལ་སྣེ་འཁྲིད་མཛད་ནས་གསར་གཏོད་གནང་བ་ཞིག་ཡིན། མི་དམངས་དམག་དཔུང་གིས་ལོ་བཅུའི་རིང་གི་འབད་འཐབ་ཁྲོད། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་བུའི་ཐོག་སྐྱོད་པའི་བློ་བརྟན་འགྱུར་མེད་ཀྱི་རང་རྟོགས་རང་བཞིན་སྔར་ལས་ཆེ་རུ་ཕྱིན་ཡོད། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཐོག ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་དགོས་ཤིང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་དུ་ལྡན་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས། འཐབ་རྩོད་བྱེད་ཞོར་དང་དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བཅས་བྱེད་པ་རྒྱུན་འཁྱོངས། འཕྲུལ་ཆས་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། 2027ལོའི་བར་དམག་དཔུང་འཛུགས་སྐྲུན་གྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། 2035ལོའི་བར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ། དུས་རབས་འདིའི་དུས་དཀྱིལ་བར་དུ་མི་དམངས་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་བསྐྲུན་པ་བཅས་བྱས་ཏེ། སྔར་ལས་ཆེ་བའི་ནུས་པ་དང་སྔར་ལས་ཡིད་རྟོན་རུང་བའི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།