དྲི་བ་གོ་གཉིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་དོན་ཅི་ཡིན་ནམ།
2023.06.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ “‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གསར་གཏོད་ཅིག་ཡིན་པ་དང་། ཞང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཡག་ཤོས་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས”ཞེས་བསྟན་ཡོད།  རྣམ་བཤད་དང་གསལ་བསྒྲགས་གལ་ཆེན་འདིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པར་ལན་བཏབ་སྟེ།  དུས་རབས་གསར་པར“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཞང་ཀང་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ལྟར། ཞང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་སྔར་ཡོད་ཀྱི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱས་ཏེ།  ལོ50ཡི་རིང་ལ་མི་འགྱུར་བ་བྱས།  མེས་རྒྱལ་གྱི་པང་དུ་ལོག་པ་ནས་བཟུང་ཞང་ཀང་དང་ཨའོ་མོན་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱས་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ། དུས་སྐབས་ཤིག་གི་རིང་ལ། ཕྱི་ནང་གཉིས་ཀའི་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནས། ཀྲུང་དབྱང་སྲིད་གཞུང་ལ་ངོ་རྒོལ་དང་ཞང་ཀང་དུ་ཟིང་ཆ་སློང་བའི་སྟོབས་ཤུགས་ཀྱིས་སྨྱོ་ཧམ་ཆེན་པོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་གྱི་མཐའ་ཚད་ལ་འཛེམ་བག་མེད་པར་འགྲན་སློང་བྱས་པ་དང་།  2019ལོའི“སྲོལ་ཡིག་བཟོ་བཅོས་ཀྱི་ཟིང་ཆ”ཡིས་ཞང་ཀང་དུ་སྐབས་ཤིག་རིང་ཆེས་ཛ་དྲག་ཆེ་བའི་རྣམ་པ་ཐོན་པར་བྱས། ལོ་གཉིས་ལྷག་གི་རིང་ལ། ཀྲུང་དབྱང་གིས་རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ་ཞང་ཀང་གི་གནས་བབ་ཟང་ཟིང་ནས་བཅོས་སྐྱོང་བར་གྱི་དཀྱོག་མཚམས་ཆེན་པོ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།   ཞང་ཀང་གི་སྤྱི་ཚོགས་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་མུ་མཐུད་དུ་ལག་བསྟར་བྱེད་ཐུབ་མིན་དང་ཞང་ཀང་གི་མདུན་ལམ་དང་ལས་དབང་དེ་ཅི་འདྲ་ཡིན་མིན་སྐོར་ལ་དོ་སྣང་ཆེན་པོ་བྱས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དེ་ལ་དོ་ཁུར་ཆེན་པོ་བྱས། 2022ལོའི་ཟླ7ཚེས1ཉིན་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་རྗེས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་རྒྱལ་ཁབ་ཕྱི་ནང་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་རྒྱུ་གཟབ་ནན་ངང་གསལ་བསྒྲགས་གནང་སྟེ། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་དང་ཡུན་རིང་བདེ་འགོད་ཡོང་བར་འབྲེལ་བ་ཡོད་པའི་རྩ་བའི་གནད་དོན་ལ་ལན་བསྐྱོན་པར་དོན་སྙིང་ཟབ་མོ་གལ་ཆེན་ལྡན།   གསལ་བསྒྲགས་གལ་ཆེན་འདིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ལོ་རྒྱུས་ཀྱི་གནས་ཚད་གཏན་འཁེལ་བྱས་པ་དང་།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གསལ་སྟོན་བྱས་པ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྨང་གཞི་བརྟན་པོ་སྲ་བརྟན་དུ་བཏང་བ།   ཞང་ཀང་དང་ཨའོ་མོན་སྤུན་ཟླ་ཚུད་པའི་རྒྱལ་ཡོངས་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་བཅངས་པའི་ཡིད་ཆེས་དང་ཆོད་སེམས་ཆེས་ཆེར་ཆེ་རུ་བཏང་།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལག་ལེན་གྱི་ཐོག་ནས་ཞིབ་བཤེར་ཡང་ཡང་བྱས་པ་དང་། ཕྱོགས་སོ་སོའི་ཁེ་ཕན་དང་མཐུན་པ། གཉིས་ཕན་མངོན་འགྱུར་བྱེད་ཐུབ་པ་བཅས་ཀྱི་ལམ་ལུགས་བཟང་པོ་ཞིག་ཡིན་ཞིང་། དེ་ལ་སྐྱེ་སྟོབས་ཆེན་པོ་དང་དགེ་མཚན་ཧ་ཅང་ཆེན་པོ་ལྡན་པས།   རྒྱུ་མཚན་གང་རུང་གི་ཐོག་ནས་འགྱུར་ལྡོག་མི་གཏོང་བར་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱས་ཚེ། སྔར་ལས་ཇེ་བརྟན་དང་སྔར་ལས་ཇེ་ལེགས་སུ་འགྲོ་ངེས་རེད།   དང་པོ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། མེས་རྒྱལ་མི་དམངས་དུང་ཕྱུར14ལྷག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། ཞང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས།  རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཁྲོད་བསྐྱར་དུ་བཅུག་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་སྐྱོད་ལམ་ཁྲོད་འདྲེས་པར་བྱས་ཏེ།  མེས་རྒྱལ་ལ་དཔལ་འབྱོར་ཡུན་རིང་བརྟན་བརླིང་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་ངོ་མཚར་གཏོད་ཆེད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་བྱས་རྗེས་བཞག་པ་དང་།  ང་ཚོའི་རྒྱལ་ཁབ་དང་མི་རིགས་ནི་ཕན་ཁེ་ཐོབ་མཁན་ཡིན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལམ་ལུགས་བཟང་པོ་ཞིག་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད། གཉིས་པ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཞང་ཀང་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པས། ཞང་ཀང་དང་ཨའོ་མོན་གྱི་སྡོད་དམངས་ཀྱིས་མཉམ་དུ་གོང་བཀུར་ཆེན་པོ་བྱེད་བཞིན་ཡོད།    མེས་རྒྱལ་གྱི་པང་དུ་ལོག་རྗེས་ཞང་ཀང་གི་དཔལ་འབྱོར་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་བྱུང་བ་དང་། རྒྱལ་སྤྱིའི་དངུལ་རྩ་དང་། མཚོ་ཐོག་སྐྱེལ་འདྲེན། ཉོ་ཚོང་ལྟེ་གནས་བཅས་ཀྱི་གོ་གནས་ཇེ་བརྟན་དུ་ཕྱིན་པ།  གསར་སྐྲུན་ཚན་རྩལ་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ། རང་མོས་སྒོ་འབྱེད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ། ཚོང་གཉེར་ཁོར་ཡུག་འཛམ་གླིང་གི་རྩེར་སོན་པ། སྤྱིར་བཏང་གི་བཅའ་ཁྲིམས་ཚུད་པའི་སྔར་ཡོད་ཀྱི་བཅའ་ཁྲིམས་རྒྱུན་འཁྱོངས་ཐུབ་པ། སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་སྤྱིའི་ཆ་ནས་བརྟན་བརླིང་བཅས་བྱུང་ཡོད། ཨའོ་མོན་གྱི་དཔལ་འབྱོར་དང་། སྤྱི་ཚོགས། ཆབ་སྲིད་སོགས་ཁྱབ་ཁོངས་སོ་སོར་ཡང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། ཕྱོགས་སོ་སོའི་ལས་དོན་ལའང་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱེད་པ་དེ་ཞང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་བརླིང་ཡོང་བར་ཕན་ཐོགས་པ་དང་།  སྡོད་དམངས་ཀྱི་རྩ་བའི་ཁེ་ཕན་དང་བདེ་སྐྱིད་འགན་སྲུང་བྱེད་པར་ཕན་ཐོགས་པས།   ཞང་ཀང་དང་ཨའོ་མོན་ནི་ཐད་ཀར་ཕན་ཁེ་ཐོབ་མཁན་ཡིན་པ་ ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད། གསུམ་པ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་མཐུན་པས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་བསྟོད་བསྔགས་བྱས། ཞང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་པ་ནས་བཟུང་། རྒྱལ་ཁབ་སོ་སོའི་མ་དངུལ་འཇོག་མཁན་དང་ཆེད་ལས་མི་སྣས་མུ་མཐུད་དུ་ཞང་ཀང་དང་ཨའོ་མོན་དུ་མ་དངུལ་འཇོག་པ་དང་། གཉེར་སྐྱོང་། ཆེད་ལས་ཞབས་ཞུ་མཁོ་འདོན་བཅས་བྱས་པར་མ་ཟད། ཞང་ཀང་དང་ཨའོ་མོན་བརྒྱུད་ནས་ནང་སའི་ཁྲོམ་རར་ཞུགས་ཏེ། གཉེར་སྐྱོང་ཁྱབ་ཁོངས་དང་གཞི་ཁྱོན་ཆེ་རུ་བཏང་ཞིང་།  དེ་ཡང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱེད་པའི་ཕན་ཁེ་ཐོབ་མཁན་ཡིན།  གཞན་ཡང་ཞི་བདེའི་བྱེད་ཐབས་བརྒྱུད་ནས་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་དེ་རིགས་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས། ང་ཚོས་ངེས་པར་དུ་ཕྱོགས་ཡོངས་དང་ཡང་དག་པ།  བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་།“ཞང་ཀང་བས་ཞང་ཀང་སྐྱོང་བ”དང“ཨའོ་མོན་པས་ཨའོ་མོན་སྐྱོང་བ།”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་དགོས།  ཁྲིམས་ལྟར་ཞང་ཀང་དང་ཨའོ་མོན་སྐྱོང་བ་རྒྱུན་འཁྱོངས་དང་།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་སྲུང་བྱ་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས།“རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”དང་“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”རྒྱུན་འཁྱོངས། སྲིད་འཛིན་འགོ་གཙོ་དང་ཁྱད་པར་དུ་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར། ཞང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། དམངས་ཚིས་ལེགས་བཅོས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཏིང་ཟབ་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་དགོས། ཞང་ཀང་དང་ཨའོ་མོན་གྱི་དགེ་མཚན་དང་ཁྱད་ཆོས་འདོན་སྤེལ་བྱས་ནས། ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་། མཚོ་ཐོག་སྐྱེལ་འདྲེན། ཉོ་ཚོང་ལྟེ་གནས་བཅས་ཀྱི་གོ་གནས་སྲ་བརྟན་དང་ཇེ་མཐོར་བཏང་སྟེ།  རྒྱལ་སྤྱིའི་གསར་སྐྲུན་ཚན་རྩལ་ལྟེ་གནས་གྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། ཨའོ་མོན་གྱི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་འོས་འཚམ་འགྲོ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་དང་། ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་དང་ཉོ་ཚོང་མཉམ་ལས་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་བྱེད་དགོས། ཞང་ཀང་དང་ཨའོ་མོན་གཉིས་ཀྱིས་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་བར་སྔར་ལས་སྒོ་འབྱེད་དང་སྔར་ལས་དམ་ཟབ་ཀྱི་སྒོ་ནས་འགྲོ་འོང་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཞང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་འདྲེས་པར་རྒྱབ་སྐྱོར་བྱེད་དགོས།  རྒྱལ་ཁབ་ཕྱི་ནང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་སྔར་ལས་རྒྱ་ཆེན་པོ་ཆགས་པར་བྱེད་དགོས། ཀྲུང་དབྱང་སྲིད་གཞུང་ལ་ངོ་རྒོལ་དང་ཞང་ཀང་དུ་ཟིང་ཆ་སློང་བ། ཨའོ་མོན་དུ་ཟིང་ཆ་སློང་བ་བཅས་ཀྱི་སྟོབས་ཤུགས་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཞང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།