དམག་དོན་འཐབ་རྩོད་ནི་རླབས་ཆེན་འཐབ་རྩོད་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁ་ལེན་པའི་ནུས་པ་ནི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་འཐབ་ཇུས་ཀྱི་ནུས་པ་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“དམག་སྦྱོང་དང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་མི་དམངས་དམག་དཔུང་གི་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་དགོས”ཞེས་གསལ་པོར་བསྟན་ཡོད། འདི་ནི་ང་ཚོའི་ཏང་གིས་དུས་དང་རྣམ་པའི་འཕེལ་རྒྱས་འགྱུར་ལྡོག་ཁོང་དུ་ཆུད་པར་བྱས་ཏེ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་ལས་འགན་དང་མ་འོངས་པའི་ལོ་ལྔའི་རིང་རང་རེའི་དམག་འཛུགས་སྐྲུན་གྱི་ལྟེ་བའི་ལས་འགན་གཞིར་བཟུང་ནས་མི་དམངས་དམག་དཔུང་ལ་བཏོན་པའི་འཐབ་ཇུས་ཀྱི་བླང་བྱ་ཡིན། དམག་ཡོངས་ཀྱིས་ངེས་པར་དུ་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབ་བྱེད་པ་དང་། ཉེན་བསམ་གྱི་འདུ་ཤེས་དང་ཉམས་ཉེན་གྱི་འདུ་ཤེས། དམག་འཐབ་རྒྱག་པའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་སྟེ། སེམས་ཤུགས་ཡོད་ཚད་དམག་འཐབ་ཐད་ལ་གཏོང་བ་དང་། ལས་དོན་ཁག་གིས་འཐབ་འཛིང་ལ་ཤུགས་རྒྱག་པ། ཏང་དང་མི་དམངས་ཀྱིས་བསྩལ་བའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལེགས་གྲུབ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་གཞིར་བཟུང་ནས་གཤམ་གསལ་གྱི་ཕྱོགས་བཞིའི་ཐད་ལ་འབད་བརྩོན་བྱ་དགོས།
དང་པོ། དུས་བསྟུན་མདུན་སྐྱོད་ཀྱིས་དམག་དོན་འཐབ་ཇུས་ཀྱི་མཛུབ་སྟོན་གསར་སྐྲུན་བྱེད་དགོས། དམག་སྟོབས་དམག་དར་བྱེད་པར་འཐབ་ཇུས་སྔོན་ལ་འཇོག་དགོས། དེང་སྐབས། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གང་མགྱོགས་སྒོས་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་གི་འགྱུར་བ་དང་། དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་བ་བཅས་སྔར་བྱུང་མ་མྱོང་བའི་རྣམ་པས་འཕེལ་འགྱུར་འགྲོ་བཞིན་ཡོད་ཅིང་། རྒྱལ་སྤྱིའི་འཐབ་ཇུས་ཀྱི་གནས་བབ་དང་རང་རྒྱལ་གྱི་བདེ་འཇགས་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་མ་འོངས་པའི་ལོ་ལྔ་དང་ཐ་ན་དེ་ལས་རིང་བོའི་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་། བྱེད་ཕྱོགས་སྲིད་ཇུས་ཐད་ལ་ཚན་རིག་ལྟར་འཆར་འགོད་དང་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་ཡོད། དམག་དོན་འཐབ་ཇུས་ལ་མཛུབ་སྟོན་བྱེད་པར་དུས་བསྟུན་འགྱུར་བ་དང་བབ་བསྟུན་འགྱུར་བ་ཡོད་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་བདེ་འཇགས་འཐབ་ཇུས་ཀྱི་བླང་བྱ་གསར་པར་འཚམ་དགོས་པ་དང་། དམག་དོན་སྟོབས་ཤུགས་འཛུགས་སྐྲུན་དང་འཕེལ་རྒྱས་གསར་བ་བཀོལ་སྤྱོད་བྱེད་པར་སྔར་ལས་ཁྲིད་སྟོན་བྱས་ཏེ། འཛམ་གླིང་དམག་དོན་གྱི་འགྲན་རྩོད་ཁྲོད་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་རྒྱུ་ཁག་ཐེག་ཏན་ཏིག་བྱེད་དགོས། ལྷག་པར་དུ་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེ་ཉིན་རེ་བཞིན་རྣམ་པ་གསར་པར་འགྱུར་བཞིན་ཡོད་པ་དང་། མིས་བཟོས་རིག་ནུས་ཚབ་མཚོན་ཏུ་གྱུར་པའི་མཐོ་གསར་ལག་རྩལ་འཕེལ་རྒྱས་མགྱོགས་པོ་བྱུང་བས། མི་རྣམས་ཀྱི་བསམ་གཞིགས་ཀྱི་འདུ་ཤེས་དང་། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ལ་འགྱུར་ལྡོག་བཏང་བར་མ་ཟད། དམག་འཐབ་ཀྱི་རྣམ་པ་དང་། དམག་འཐབ་ཀྱི་བར་སྟོང་། དམག་འཐབ་བྱེད་ཐབས་བཅས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། འཛམ་གླིང་སྟེང་གི་དམག་འཁྲུག་ཁ་ཤས་དང་དྲག་ཆས་གདོང་གཏུག་ཐེངས་འགར་བལྟས་ན། དམག་འཁྲུག་གི་རྣམ་པ་དེ་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དམག་འཁྲུག་ཕྱོགས་སུ་རིམ་འགྱུར་བྱེད་བཞིན་ཡོད་པས། ང་ཚོས་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དམག་འཁྲུག་གི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། དེང་རབས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་རྒྱུ་རྐྱེན་ལ་ཞིབ་འཇུག དམག་སྦྱོང་དང་དམག་གྲབས་ཀྱི་དངོས་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ། དམག་དོན་འཐབ་ཇུས་ཀྱི་མཛུབ་སྟོན་ཆུ་ཚད་མཐོར་འདེགས་གཏོང་དགོས།
གཉིས་པ། ཟིལ་ཤུགས་དང་དངོས་འཐབ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་དམ་འཛིན་ནན་མོ་བྱེད་དགོས། ཚོད་དཔག་བྱེད་ཐུབ་པ་དང་ཚོད་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་ངེས་པར་དུ་ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཟིལ་ཤུགས་དང་མཉམ་འབྲེལ་དམག་འཐབ་མ་ལག་གང་མགྱོགས་སྒོས་བཙུགས་ཏེ། དྲ་རྒྱའི་ཆ་འཕྲིན་མ་ལག་གི་རྨང་གཞི་གྱུར་པའི་མཉམ་འབྲེལ་དམག་འཐབ་ནུས་པ་དང་། ས་ཁོངས་ཡོངས་ཀྱི་དམག་འཐབ་ནུས་པ་ཇེ་དྲག་ཏུ་བཏང་ནས་དམག་དཔུང་གིས་དུས་རྒྱུན་དམག་འཐབ་ལ་གྲ་སྒྲིག་དང་ནམ་ཡང་ དམག་འཐབ་རྒྱག་ཐུབ་པར་ཁག་ཐེག་ཏན་ཏིག་བྱེད་དགོས། འཐབ་ཇུས་ཀྱི་ཟིལ་ཤུགས་ཆེན་པོའི་མ་ལག་སྐྲུན་པ་དང་། ཁོངས་གསར་དང་སྤུས་གསར་གྱི་དམག་འཐབ་སྟོབས་ཤུགས་ཀྱི་བསྡུར་ཚད་ཆེ་རུ་གཏོང་བ། མི་མེད་རིག་ནུས་ཀྱི་དམག་འཐབ་སྟོབས་ཤུགས་འཕེལ་རྒྱས་མགྱོགས་པོར་གཏོང་བ། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བེད་སྤྱོད་ལ་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་མ་ལག་ཇེ་ལེགས་སུ་བཏང་སྟེ། མཉམ་འབྲེལ་དམག་འཐབ་བཀོད་འདོམས་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མྱུལ་ཞིབ་ཉེན་ཟོན་སྔོན་བརྡ་དང་། མཉམ་འབྲེལ་རྡུང་རྡེག གཡུལ་སའི་འདེགས་སྐྱོར། ཕྱོགས་བསྡུས་འགན་སྲུང་བཅས་ཀྱི་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དམག་འཐབ་རྒྱག་ཐུབ་པ་དང་དམག་འཐབ་ལས་རྒྱལ་ཐུབ་པའི་ནུས་པ་སྦྱོང་བརྡར་བྱེད་དགོས། དམག་འཐབ་ནུས་པའི་ཚད་གཞི་རྒྱུན་འཁྱོངས་དང་། དམག་འཐབ་ལ་བརྟེན་ནས་འཛུགས་སྐྲུན་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས། ཚད་གཞི་མཐོ་བའི་སྒོ་ནས་དམག་དཔུང་འཛུགས་སྐྲུན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྤྱིའི་འཆར་འགོད་དོན་འཁྱོལ་དམ་འཛིན་བྱས་ནས་དམག་འཐབ་ནུས་པ་འཛུགས་སྐྲུན་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་དང་གནད་དོན་གལ་ཆེན་ཐག་གཅོད་ཟབ་མོ་བྱས་ཏེ། དམག་འཐབ་དང་འཛུགས་སྐྲུན། དམག་གྲབས་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
གསུམ་པ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་ཟབ་མོ་གཏོང་དགོས། དམག་དོན་སྦྱོང་བརྡར་ནི་དམག་དཔུང་གི་རྒྱུན་ལྡན་རང་བཞིན་གྱི་ལྟེ་བའི་བྱ་བ་ཞིག་དང་། འཐབ་འཛིང་ནུས་པ་གྲུབ་པ་དང་མཐོར་འདེགས་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག་ཡིན་ལ། ཆེས་ཐད་ཀར་གྱི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཞིག་ཀྱང་ཡིན། རྒྱལ་ཁ་ལེན་པའི་ནུས་ཤུགས་མཐོར་འདེགས་གཏོང་དགོས་ན། ངེས་པར་དུ་དམག་ཇི་ལྟར་རྒྱག་དགོས་ན་སྦྱོང་བརྡར་དེ་ལྟར་བྱེད་དགོས་པ་དང་། དམག་རྒྱག་དུས་ཅི་ཞིག་མཁོ་ན་དེ་སྦྱོང་བརྡར་ཧུར་ཐག་བྱེད་དགོས་ཤིང་། དམག་དོན་སྦྱོང་བརྡར་དམ་འཛིན་ཡང་འཛིན་དང་དངོས་འཛིན་ནན་མོ་བྱེད་དགོས། འཐབ་སྦྱོང་གཅིག་གྱུར་བྱེད་ཤུགས་ཆེ་རུ་བཏང་ནས། དམག་འཐབ་ཀྱིས་དམག་སྦྱོང་ལ་ཁྲིད་སྟོན་དང་དམག་སྦྱོང་གིས་དམག་འཐབ་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དཔེ་དབྱིབས་གསར་བའི་དམག་དོན་སྦྱོང་བརྡར་གྱི་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། མཉམ་འཐབ་མཉམ་སྦྱོང་ཟབ་སྤེལ་བྱས་ཏེ། རང་རེའི་དམག་གི་མཉམ་འབྲེལ་སྦྱོང་བརྡར་གྱི་ཁྱད་ཆོས་མ་ལག་གོང་འཕེལ་གཏོང་བ་དང་། མཉམ་འབྲེལ་དམག་སྦྱོང་ལ་བརྟེན་ནས་དམག་དཔུང་རིགས་སྦྱོང་བརྡར་བྱེད་པར་ཁྲིད་སྟོན་དང་། དམག་དཔུང་རིགས་ཀྱི་སྦྱོང་བརྡར་བྱེད་པར་བརྟེན་ནས་མཉམ་འབྲེལ་སྦྱོང་བརྡར་ལ་འདེགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམག་འཐབ་ཀྱི་ལས་འགན་དང་། དམག་འཐབ་ཀྱི་འགྲན་ཡ། དམག་འཐབ་ཀྱི་ཁོར་ཡུག་བཅས་ལ་དམ་པོར་དམིགས་ནས་མ་ལག་གི་འགྲན་རྒོལ་སྦྱོང་བརྡར་དམ་འཛིན་ཤུགས་ཆེན་བྱེད་དགོས། ཚན་རྩལ་དམག་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔོན་དམག་གི་ཚན་རྩལ་བྱང་ཚད་མཐོ་རུ་གཏོང་བ། སྒྲིག་ཆས་གསར་བ་དང་སྟོབས་ཤུགས་གསར་བ། ཁྱབ་ཁོངས་གསར་བ་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་བསྣན་ནས། སྔོན་ཐོན་གྱི་སྦྱོང་བརྡར་བྱེད་ཐབས་དང་བྱེད་ཕྱོགས་འཕེལ་རྒྱས་སུ་གཏོང་བ། སྦྱོང་བརྡར་གྱི་ཚན་རྩལ་འདུས་ཚད་ཇེ་མཐོར་གཏོང་བ་བཅས་བྱ་དགོས། སྦྱོང་བརྡར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོད་པ་ཇེ་ལེགས་སུ་གཏོང་བ། རྒྱུ་རྐྱེན་གཙོ་བོ་འཐུས་ཚང་དུ་གཏོང་བ། བྱེད་སྟངས་གསར་སྐྲུན་བཅས་བྱས་ཏེ། དམག་སྦྱོང་གི་ཁོར་ཡུག་བཟང་པོ་སྐྲུན་དགོས། འཐབ་འཛིང་གི་སྙིང་སྟོབས་སྐྱེད་བསྲིང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དམག་དཔུང་གི་སྦྱོང་བརྡར་ནན་མོ་བྱས་ཏེ། དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི་ཞུམ་མེད་ཀྱི་འཐབ་འཛིང་སྙིང་སྟོབས་དར་སྤེལ་གཏོང་དགོས།
བཞི་བ། དམག་དོན་སྟོབས་ཤུགས་རྒྱུན་རྣམ་ཅན་དང་སྣ་མང་ཅན་དུ་སྤྱོད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། འཐབ་རྩོད་བྱེད་ཞོར་དང་དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བཅས་རྒྱུན་འཁྱོངས་དང་། དམག་དོན་སྟོབས་ཤུགས་བཀོལ་སྤྱོད་བྱེད་པའི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་དང་ཁོང་དུ་ཆུད་པ། དམག་དོན་འཐབ་རྩོད་བརྟན་ཞིང་གང་འཚམ་སྤེལ་བ། བདེ་འཇགས་ཀྱི་གནས་བབ་བཞེངས་སྐྲུན་ལ་ཤུགས་རྒྱག་པ། ཉམས་ཉེན་གདོང་གཏུག་ལ་བཀག་འགོག་ཚོད་འཛིན་བྱེད་པ། བྱེ་བྲག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས། རྒྱལ་ཁབ་བདེ་འཇགས་གནས་བབ་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་དམག་གྲབས་སྦྱོང་བརྡར་བྱེད་པ་དང་། ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཏན་ཏིག་དང་ལེགས་པོར་སྒྲུབ་ནས་འདོད་བློ་དང་གཤིས་རྒྱུད་བརྟན་པ་དང་། སྟབས་བསྟུན་འཐབ་ཇུས་ཇུས་ཆོད། དམག་དོན་འགུལ་སྤྱོད་ནུས་ལྡན་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས། དམག་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་རྒྱག་རྒྱུར་གྲ་སྒྲིག་བྱེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། ད་ཡོད་ཀྱི་ཆ་རྐྱེན་ལ་རྐང་བཙུགས་ནས་རྒྱལ་ཁ་ལེན་པའི་བསམ་བློ་བརྟན་པོ་བཙུགས་ཏེ། མདའ་མོ་སྟོང་ལ་སྤྲད་པ་ལྟར་ཚད་མཐོའི་དོགས་ཟོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་དམག་དཔུང་བསྡུས་ན་ཐོན་ཐུབ་པ་དང་། ཐོན་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པར་ཁག་ཐེག་ཏན་ཏིག་བྱེད་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།