རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་ལས་བཟང་བའི་སྒོ་ནས་ཕྲག་ཏུ་འཁུར་དགོས།
2023.07.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་གཏམ།

“རིག་གནས་རང་རྟོན་བརྟན་པོ་དང་འགན་འཁྲི་འཁུར་ཕོད་པ། ཧུར་ཐག་འབད་འཐབ་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ང་ཚོའི་དུས་རབས་འདིར་གཏོགས་པའི་རིག་གནས་གསར་པ་གསར་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས།”རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གཏིང་ཟབ་སྒོས་གསལ་འགྲེལ་གནང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པར་བླང་བྱ་གསལ་པོ་བཏོན་པ་དེ་ནི། རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་ལས་བཟང་བའི་སྒོ་ནས་ཕྲག་ཏུ་འཁུར་ཞིང་། བསམ་བློ་དང་རིག་གནས་དྲིལ་སྒྲོག་བྱ་བའི་སྐོར་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་དང་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བྱེད་པ་བཅས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།

“ལོ་རྒྱུས་ནས་མ་འོངས་པར་ཁ་ཕྱོགས་པ་དང་མི་རིགས་རིག་གནས་ཀྱི་ཁྲག་རྒྱུན་རྒྱུན་མཐུད་པའི་ཁྲོད་ནས་གསར་གཏོད་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཚེ། ང་ཚོས་གཞི་ནས་དེང་གི་བྱ་གཞག་ཡག་པོ་སྒྲུབ་ཐུབ་པ”ནན་གྱིས་བསྟན་ཞིང་། “རྒྱལ་ཁབ་ཅིག་དང་མི་རིགས་ཤིག་སྟོབས་འབྱོར་ལྡན་པར་འགྱུར་རྒྱུ་དེ་ནི་ནམ་ཡང་རིག་གནས་དར་རྒྱས་ཀྱིས་འདེགས་སྐྱོར་བྱེད་པ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་བ་ལ་ཀྲུང་ཧྭའི་རིག་གནས་དར་ཞིང་འཕེལ་བའི་ཆ་རྐྱེན་དེ་ལྡན་དགོས”ཞེས་བསྟན་ལ། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་ལ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས་རིག་གནས་རང་རྟོན་ཇེ་དྲག་ཏུ་གཏོང་དགོས”ཞེས་གསལ་སྟོན་གནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་མི་དམངས་ལ་མགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་བར་སྐུལ་སྤེལ་གཏོང་བའི་ལག་ལེན་ཁྲོད་དུ། རིག་གནས་འཛུགས་སྐྲུན་དེ་སྤྱི་ཡོངས་བྱ་བའི་གོ་གནས་གལ་ཆེན་དུ་བཞག་སྟེ། རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཁྱབ་ཁོངས་ཀྱི་བསམ་བློའི་རིག་གནས་ཕན་ཚུན་སྐུལ་རེས་དང་རང་རྒྱལ་སྤྱི་ཚོགས་ཀྱི་བསམ་བློའི་ལྟ་བ་གཏིང་ཟབ་སྒོས་འཕོ་འགྱུར་འབྱུང་བར་འཕེལ་ཕྱོགས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། རིག་གནས་འཛུགས་སྐྲུན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ཏུ་བཏང་ནས། བསམ་བློ་གསར་པ་དང་ལྟ་བ་གསར་པ་སྡོམ་ཚིག་གསར་པ་བཅས་རབ་དང་རིམ་པ་ཞིག་བཏོན་པ་ནི། དུས་རབས་གསར་པའི་ཏང་གིས་མགོ་ཁྲིད་དེ་རིག་གནས་འཛུགས་སྐྲུན་བྱས་པའི་ལག་ལེན་ཉམས་མྱོང་གི་གཞུང་ལུགས་སྤྱི་སྡོམ་ཡིན་ལ། བསམ་བློའི་རིག་གནས་ཀྱི་དྲིལ་སྒྲོག་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་བསྲུང་བྱ་ཡིན་པས། ངེས་པར་ཡུན་རིང་པོར་རྒྱུན་འཁྱོངས་དོན་འཁྱོལ་བྱེད་ཅིང་རྒྱུན་ཆད་མེད་པར་ཕུན་ཚོགས་འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་སློབ་སྦྱོང་མཐིལ་རྟོགས་གཏིང་ཟབ་བྱས་ཏེ། སྦྱངས་པ་གོ་ཆོད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་ཅིང་། རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་ལས་བཟང་བའི་སྒོ་ནས་ཕྲག་ཏུ་ཁུར་ཏེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་མུ་མཐུད་དུ་རིག་གནས་གོང་འཕེལ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས།

རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་ལས་བཟང་བའི་སྒོ་ནས་ཕྲག་ཏུ་འཁུར་བར། རིག་གནས་རང་རྟོན་བརྟན་པོ་ཡོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ང་ཚོའི་རིག་གནས་རང་རྟོན་བརྟན་པོ་ཡིན་དགོས་ལ། ཀྲུང་གོ་པ་བྱེད་པའི་རང་རྟོན་གྱི་བསམ་པ་དང་སྤོབས་སེམས་ཇེ་དྲག་ཏུ་གཏོང་དགོས།”དེང་སྐབས་འཛམ་གླིང་དུ། སྲིད་ཏང་གང་ཞིག་དང་རྒྱལ་ཁབ་གང་ཞིག མི་རིགས་གང་ཞིག་ལ་རང་རྟོན་ལྡན་པ་བརྗོད་དགོས་ཚེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་བཅས་ནི་ཆེས་རང་རྟོན་ཅན་དེ་ཡིན་དགོས། སྤྱི་ལེ་གྲུ་བཞི་མ་ཁྲི960ཡོད་པའི་ས་གཞི་ཆེན་པོའི་སྟེང་དུ་འགྲེང་སྟེ། ཀྲུང་ཧྭ་མི་རིགས་ཀྱིས་ཡུན་རིང་འབད་འཐབ་བྱས་ཏེ་བསགས་ཡོང་བའི་རིག་གནས་ཀྱི་ཉིང་བཅུད་འབྱིན་ལེན་བྱེད་ཅིང་། མི་གྲངས་དུང་ཕྱུར14ལྷག་ཡོད་པའི་ཀྲུང་གོའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། ང་ཚོ་རང་གི་ལམ་བུར་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་ལ། ཡངས་ཤིང་ཆེ་བའི་གར་སྟེགས་དང་དོ་ཟླ་བྲལ་བའི་ལོ་རྒྱུས་ཀྱི་རྨང་གཞི་མཐུག་པོ་ལྡན་ལ། འགྲན་དུ་མེད་པའི་མདུན་སྐྱོད་ཀྱི་ངེས་ཤུགས་དྲག་པོ་ལྡན་ཡོད། བགྲོད་ལམ་གསར་པའི་སྟེང་དུ། རིག་གནས་རང་རྟོན་བརྟན་པོ་ཡིན་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་དུ་འཕེལ་བའི་འཐབ་ལམ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་ལོ་རྒྱུས་ཀྱི་ལག་ལེན་དང་དེང་དུས་ཀྱི་ལག་ལེན་ལ་རྐང་བཙུགས་ཏེ། ཀྲུང་གོའི་གནས་ལུགས་ཀྱིས་ཀྲུང་གོའི་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་། ཀྲུང་གོའི་ཉམས་མྱོང་དེ་ཀྲུང་གོའི་གཞུང་ལུགས་སུ་མཐོར་འདེགས་བྱས་ནས། བསམ་པའི་སྟེང་གི་སྒེར་ཚུགས་རང་བདག་མངོན་འགྱུར་བྱེད་ཅིང་། མི་རིགས་བསྐྱར་དར་ལ་རྨང་འཛུགས་བླ་སྐྲུན་བྱེད་ཆེད་དུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།

རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་ལས་བཟང་བའི་སྒོ་ནས་ཕྲག་ཏུ་འཁུར་བར། སྒོ་འབྱེད་ཁོང་ཡངས་ཀྱི་རྣམ་འགྱུར་འཛིན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཀྲུང་ཧྭའི་དཔལ་ཡོན་ནི་གནའ་ནས་བཟུང་སྒོ་འབྱེད་ཁོང་ཡངས་ལ་བརྟེན་ནས་མིང་དུ་གྲགས་ཡོད་དེ། དཔལ་ཡོན་གཞན་དག་དང་སྤེལ་རེས་ཚུར་ལེན་བྱེད་པའི་ཁྲོད་ནས་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་འཕེལ་ཡོད།”ཀྲུང་ཧྭའི་དཔལ་ཡོན་དེ་ཡུན་རིང་པོའི་འཕེལ་འགྱུར་གྱི་བརྒྱུད་རིམ་ཁྲོད་དུ། རྒྱ་ཆེ་ལ་གཏིང་ཟབ་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་བྱས་ཤིང་། ལེགས་ཆ་ཀུན་འཛོམས་ཀྱི་རིག་གནས་རང་རྟོན་བཞེངས་ཡོད། ཀྲུང་ཧྭའི་རིག་གནས་ནི་ལོ་རྒྱུས་ཀྱི་ཡིན་ལ་དེང་སྐབས་ཀྱི་ཡང་ཡིན་པ་དང་། མི་རིགས་ཀྱི་ཡིན་ལ་འཛམ་གླིང་གིའང་ཡིན། དེ་རིང་། ང་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་གཟི་དཔལ་གསར་པ་བསྐྲུན་ནས། རྒྱལ་ཁབ་ཁག་དང་མཉམ་དུ་སྔར་ལས་རྒྱ་ཆེ་བའི་སེམས་རྒྱ་དང་སྔར་ལས་ཁོད་ཡངས་པའི་སྒོ་ནས་རིག་གནས་སྤེལ་རེས་བྱས་ཏེ། སྔར་ལས་ཧུར་ཐག་རང་རྟོགས་ཀྱིས་འཛམ་གླིང་གི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་མཐའ་དག་ལ་སློབ་སྦྱོང་དང་ཚུར་ལེན་བྱེད་དགོས། འཐབ་ལམ་གསར་པའི་སྟེང་དུ། སྒོ་འབྱེད་ཁོང་ཡངས་ཀྱི་རྣམ་འགྱུར་བཟུང་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། རྩ་བ་མི་བརྗེད་ཅིང་ཕྱི་ཡོང་སྡུད་ལེན། མ་འོངས་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ནས། རྒྱུན་འཛིན་གྱི་ཁྲོད་ནས་བརྗེ་འགྱུར་བྱེད་པ་དང་། སློབ་སྦྱོང་གི་ཁྲོད་ནས་ཐོད་བརྒལ་བྱེད་པ། ཕྱི་ཡོང་རིག་གནས་རང་ས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་གསོ་སྐྱོང་དང་གསར་གཏོད་བྱེད་དགོས།

རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་ལས་བཟང་བའི་སྒོ་ནས་ཕྲག་ཏུ་འཁུར་བར། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་དགོས། “བདེན་སྲུང་བྱས་ན་ད་གཟོད་ཁ་ཕྱོགས་མི་ནོར་བ་དང་། ཚབས་ཆེ་བའི་ནོར་འཁྲུལ་མ་བཟོས་ན་ད་གཟོད་དུས་རབས་ཁོང་དུ་ཆུད་ཅིང་དུས་རབས་ལ་སྐུལ་ཁྲིད་བྱེད་ཐུབ།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།“དཔལ་ཡོན་གང་ཞིག་ཡིན་རུང་ཚང་མས་རྒྱལ་ཁབ་དང་མི་རིགས་ཤིག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། དཔལ་འབར་བཞིན་བརྒྱུད་ཅིང་མི་རབས་ནས་མི་རབས་བར་སྲུང་སྐྱོབ་བྱེད་དགོས་ལ། དེ་བས་ཀྱང་དུས་བསྟུན་ཡར་བརྩོན་དང་གསར་གཏོད་བྱེད་ཕོད་པར་བྱེད་དགོས།” དུས་རབས་གསར་པའི་ཚུན་ལ། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བརྗེ་འགྱུར་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་བཏང་ཡོད། འཐབ་ལམ་གསར་པའི་སྟེང་དུ། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་དང་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་བ་གཉིས་སྔར་ལས་བཟང་བའི་སྒོ་ནས་གཅིག་གྱུར་བྱས་ཏེ། མུ་མཐུད་དུ“ཟུང་འབྲེལ་གཉིས”ལ་སྐུལ་འདེད་གཏོང་ཞིང་། བདེན་སྲུང་གསར་གཏོད་ཀྱི་སྲོལ་བཟང་དང་སྤྱོད་བཟང་གསར་གཏོད་བྱས་ནས་ལོ་རྒྱུས་རིག་གནས་ཀྱི་ཁྲག་རྒྱུན་མཐུད་དེ་དེང་རབས་ཀྱི་ལེའུ་རྩོམ་དགོས།

ཚད་མཐོ་བའི་རིག་གནས་རང་རྟོན་མེད་ན་རིག་གནས་དར་རྒྱས་ཡོང་མི་སྲིད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོད་མི་སྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་རིག་གནས་གསར་སྐྲུན་བྱས་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་འོད་སྟོང་གསར་པའང་གསར་སྐྲུན་བྱེད་ཐུབ་ངེས་ཡིན།”འཐབ་ལམ་གསར་པར་འབད་འཐབ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དར་སྤེལ་ཐད་ཀྱི་ལྟ་བ་གསར་པ་དང་ཆོད་གཏམ་གསར་པ་སློབ་སྦྱོང་ནན་ཏན་བྱས་ཏེ། རིག་གནས་རང་རྟོན་བརྟན་པོ་ཡིན་པ་དང་། རིག་གནས་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། རིག་གནས་ལ་བརྟེན་ནས་ལས་དོན་སྤེལ་བ་དང་རིག་གནས་ལ་བརྟེན་ནས་སེམས་ཁམས་སྐྱོང་བ། རིག་གནས་ལ་བརྟེན་ནས་བླ་སྲོག་གསོ་བ་བཅས་བྱས་ཏེ། རང་རྟོན་རང་སྟོབས་ཀྱི་བསམ་པའི་སྟོབས་ཤུགས་སྤེལ་བ་དང་། སྔར་ལས་ཧུར་ཐག་གིས་ལོ་རྒྱུས་ཀྱི་འགན་འཁྲི་མངོན་པར་བྱས་ན། ང་ཚོས་རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་ལས་བཟང་བའི་སྒོ་ནས་ཕྲག་ཏུ་འཁུར་བ་དང་། འབད་བརྩོན་ལྷོད་མེད་དང་སྤྱོད་བཟང་ཐེག་ཆེའི་རིག་གནས་གསར་སྐྲུན་ལ་བརྟེན་ནས། ཀྲུང་ཧྭའི་རིག་གནས་ཀྱི་གཟི་དཔལ་གསར་པ་བསྐྲུན་ནས། རིག་གནས་དར་རྒྱས་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས།

                                                                        རྩོམ་སྒྲིག་པ།   གཡང་འབུམ་རྒྱལ།