སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་སྐྱོད་བཞིན་མཆིས། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་ངེས་པར་དུ་མངོན་འགྱུར་བྱེད་དགོས་ལ་མངོན་འགྱུར་བྱེད་ཐུབ་ངེས་ཀྱང་ཡིན”ཞེས་བསྟན་ཡོད། དེ་ལ་གཤམ་གསལ་གྱི་ཕྱོགས་དྲུག་ནས་གོ་བ་བླངས་ཆོག་སྟེ།
དང་པོ། ཐའེ་ཝན་ནི་གནའ་ནས་བཟུང་ཀྲུང་གོའི་མཆོག་ཏུ་གྱུར་པའི་མངའ་ཁོངས་དང་ཁ་བྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད། གཅིག་གྱུར་དོན་གཉེར་དང་ཁ་བྲལ་ལ་ངོ་རྒོལ་བྱ་རྒྱུ་ནི་ཡུན་རིང་གི་རིན་ཐང་ལྟ་བ་གཙོ་བོ་ཡིན་པས། མི་རིགས་ཀྱི་བསམ་པའི་ཁྲག་རྒྱུན་ཁྲོད་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་སྤེལ་བ་དེས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་འགག་སྒོ་འདི་ལས་གཏན་ནས་བརྒལ་མི་ཐུབ་པ་དང་། གནའ་ནས་བཟུང་ངོགས་གཉིས་ནི་ཁྱིམ་ཚང་གཅིག་དང་རྒྱལ་ཁབ་གཅིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་དང་གནས་ཚུལ་ངོ་མ་བསྒྱུར་མི་ཐུབ་ལ། ཐའེ་ཝན་དང་སྐམ་ས་ཆེན་པོ་གཉིས་མཐར་ཐུག་གཅིག་གྱུར་ཡོང་བའི་ལོ་རྒྱུས་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དེ་བས་ཀྱང་བསྒྱུར་མི་ཐུབ། རྒྱལ་ཁབ་དང་མི་རིགས་ཚང་མ་དང་འདྲ་བར་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་རང་ཉིད་ཀྱི་རྒྱལ་ཁབ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པའི་དབང་ཆ་ཡོད་ཅིང་། འདི་ནི་མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ཀྱང་བཙན་འཕྲོག་བྱེད་མི་ཆོག་ལ་བཙན་འཕྲོག་བྱེད་ཀྱང་མི་ཐུབ།
གཉིས་པ། རྒྱལ་ཁབ་ཡོངས་སུ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དགོས་ངེས་ཀྱི་བླང་བྱ་ཡིན། རྒྱལ་ཁབ་ཡོངས་སུ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས་ཚེ། གཞི་ནས“ཐའེ་ཝན་རང་བཙན”གྱི་ཁ་བྲལ་མངོན་མེད་རྐྱེན་ངན་ཡོངས་སུ་གཙང་སེལ་བྱས་ཏེ། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ནང་འཁྲུག་གི་མུན་པ་ལས་ཡོངས་སུ་ཐར་བར་བྱས་ནས། མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ཡུན་རིང་གི་ཞི་བདེ་བསྐྲུན་ཐུབ་པ་དང་། གཞི་ནས་ཐའེ་ཝན་ཡང་བསྐྱར་རྒྱལ་ཕྱིའི་སྟོབས་ཤུགས་ཀྱིས་བཙན་བཟུང་དང་ཡང་ན་ཚོད་འཛིན་བྱེད་པའི་ཉེན་ཁ་ལས་ཡོངས་སུ་གཡོལ་ཐུབ་པར་མ་ཟད། རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་དང་མི་རིགས་འཚོ་བཞུགས་དང་། འཕེལ་རྒྱས། བསྐྱར་དར་བཅས་ལ་འཇིགས་སྐུལ་ཆེན་པོ་གཏོང་བ་དངོས་གནས་མེད་པར་བཟོ་ཐུབ་པ་དང་། གཞི་ནས་ངོགས་གཉིས་ཀྱི་སྤུན་ཟླའི་སྟོབས་ཤུགས་སྔར་ལས་གཅིག་སྒྲིལ་བྱས་ཏེ། ཐུན་མོང་གི་ཁྱིམ་གཞིས་བསྐྲུན་པ་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་ཐུབ། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་་ཆེན་བསྐྱར་དར་གྱི་དུས་དང་གནས་བབ་ཀྱིས་ཐག་བཅད་པ་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་ལེགས་འགྲུབ་བྱེད་ཐུབ་ངེས་ཡིན།
གསུམ་པ། ཀྲུང་གོ་ཡོངས་སུ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱ་རྒྱུ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡིན། “ཐའེ་ཝན་རང་བཙན”གྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་བསྐྱར་དར་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བར་མ་ཟད། ཐོག་མཐའ་བར་གསུམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེར་གནོད་འཚེ་དང་འགོག་རྐྱེན་ཚབས་ཆེན་བཟོ་བ་དང་ཆབས་ཅིག འཛམ་གླིང་གི་ཞི་བདེ་ལའང་འཇིགས་སྐུལ་ཚབས་ཆེན་བཟོ་བཞིན་ཡོད། ཀྲུང་གོ་རྒྱལ་ཁབ་གཅིག་གྱུར་གྱི་རྒྱུན་ལྡན་རྣམ་པ་དང་དང་ཐོག་གི་རྣམ་པ་སླར་གསོ་བྱེད་པ་དེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཕན་ཐོགས་ཡོད། ཀྲུང་གོ་གཅིག་གྱུར་གྱིས་རྒྱལ་ཁབ་གང་རུང་ཞིག་གི་ལུགས་མཐུན་ཁེ་ཕན་སྟེ་ཐེ་ཝན་འདུས་པའི་དཔལ་འབྱོར་ཁེ་ཕན་ལ་གནོད་འཚེ་གཏོང་མི་སྲིད་པར། རྒྱལ་ཁབ་སོ་སོ་དང་འཛམ་གླིང་ཡོངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་སྩོལ་བ་དང་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་དྲང་ཕྱོགས་ཀྱི་ནུས་ཚད་སྔར་ལས་མང་པོ་སྩོལ་ངེས་ཡིན།
བཞི་པ།“ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ཀྱིས་གཅིག་གྱུར་ལ་འགོག་རྒོལ་བྱེད་པ་འགྲུབ་མི་སྲིད་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོ་གཅིག་གྱུར་ལ་འགོག་རྐྱེན་བཟོ་བ་ངེས་པར་དུ་ཕམ་སྲིད། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས“རང་བཙན”བྱ་སྤྱོད་སྤེལ་བ་དེས་ངོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་བཏང་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་བརླིང་ལ་གནོད་འཚེ་བཏང་བ། ཞི་བདེ་གཅིག་གྱུར་གྱི་མདུན་ལྗོངས་ལ་གཏོར་བརླག་བཏང་བ། ཞི་བདེ་གཅིག་གྱུར་ཡོང་བའི་བར་སྟོང་ལ་གནོན་ཤུགས་ཐེབས་པ་བཅས་ནི། ཞི་བདེ་གཅིག་གྱུར་ཡོང་བ་བརྩོན་ལེན་བྱེད་པའི་འཕེལ་རིམ་ཁྲོད་ངེས་པར་དུ་སེལ་དགོས་པའི་འགོག་རྐྱེན་ཞིག་ཡིན། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ཚུད་པའི་ཀྲུང་གོ་མི་དམངས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་གཏོང་མི་རུང་བ་དང་འདོད་བློ་བྲག་རི་བཞིན་དུ་བརྟན་དགོས་པ་དེ་ནི“ཐའེ་ཝན་རང་བཙན”གྱི་ཁ་བྲལ་ལྐོག་གཡོ་མཐའ་དག་ཕམ་ཉེས་སུ་གཏོང་བའི་རྩ་བའི་སྟོབས་ཤུགས་ཤིག་ཡིན། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་སྤེལ་ནས་གཅིག་གྱུར་ལ་འགོག་རྒོལ་བྱེད་པ་དེ། ཀྲུང་གོ་མི་དམངས་དུང་ཕྱུར14ལྷག་གི་ཆོད་སེམས་དང་འདོད་བློ་ཡི་འགག་སྒོ་འདི་ལས་ཡོངས་སུ་བརྒལ་མི་ཐུབ་ལ། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་མཇུག་འབྲས་གཏན་ནས་དང་ལེན་བྱེད་མི་སྲིད། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པ་ནི་ཀྲུང་གོ་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་མངོན་གསལ་གྱི་འགོག་རྐྱེན་ཞིག་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་ཡོད་མོད། འོན་ཀྱང་ཕྱི་ཕྱོགས་ཐེ་གཏོགས་ཀྱི་གནོན་ཤུགས་ཀྱི་མདུན་དུ་ཕྱིར་བཤོལ་གཏན་ནས་བྱེད་མི་སྲིད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་གང་རུང་ཐེབས་པར་བཟོད་སྒོམ་གཏན་ནས་བྱེད་མི་སྲིད། “ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རང་བཙན་ཡོང་ཐབས”བྱས་ན་མདུན་ལམ་མེད་ཅིང་། “ཐའེ་ཝན་གནད་དོན་ལ་བརྟེན་ནས་ཀྲུང་གོར་བཀག་འགོག”བྱས་ན་ཕམ་ཉེས་འབྱུང་བ་ཐག་གིས་ཆོད།
ལྔ་པ། རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་བྱ་རྒྱུ་ནི་རྒྱལ་ཁབ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཡིན། ལོ་ངོ40ལྷག་གི་རིང་ལ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཏེ། དཔལ་འབྱོར་དང་། ཚན་རྩལ། རྒྱལ་སྲུང་བཅས་ཀྱི་དངོས་ཡོད་སྟོབས་ཤུགས་བསྟུད་མར་ཆེ་རུ་ཕྱིན་པ་དང་། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྐྱེན་ཟབ་མོ་ཐེབས་ནས། ངོགས་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ལ་བར་སྟོང་རྒྱ་ཆེན་པོ་འདོན་སྤྲོད་བྱས་པ་དང་། གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་པ། “ཐའེ་ཝན་རང་བཙན་”གྱི་ཁ་བྲལ་སྟོབས་ཤུགས་ཀྱི་ཧམ་སེམས་ཆེན་པོར་རྡུང་རྡེག་དྲག་པོ་བཏང་ཞིང་། ངོགས་གཉིས་ཀྱི་འབྲེལ་བ་དེ་གཅིག་གྱུར་གྱི་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་པར་ཁྲིད་སྟོན་ནུས་ལྡན་བྱས་པ་དང་། མེས་རྒྱལ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་། ཏང་ཅི་འདྲ་ཞིག་དང་ཏང་ཁག་ཅི་འདྲ་ཞིག་གིས་ཐའེ་ཝན་དུ་དབང་ཆ་བཟུང་ཡང་མེས་རྒྱལ་སྐམ་ས་ཆེན་པོ་མུ་མཐུད་དུ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྣམ་པ་བཟང་པོ་བཀག་འགོག་བྱེད་ཐབས་མེད་ལ། ངོགས་གཉིས་ཀྱི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་སྤྱིའི་ཁ་ཕྱོགས་ལ་འགྱུར་ལྡོག་གཏོང་ཐབས་མེད་པ། མེས་རྒྱལ་གཅིག་གྱུར་ཡོང་བའི་ལོ་རྒྱུས་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་དེ་བས་འགྱུར་ལྡོག་གཏོང་ཐབས་མེད་པ་རེད།
དྲུག་པ། རྒྱལ་ཁབ་ཡོངས་སུ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དོན་གཉེར་བྱེད་པར་གཞོལ་ནས། ཐོག་མཐའ་བར་གསུམ་དུ་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱ་རྒྱུ་དེ་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་དམིགས་འབེན་དང་བླ་ན་མེད་པའི་འགན་འཁྲིར་བརྩིས་ཏེ། བློ་རྩ་བརྟན་པོ་དང་ཆོད་སེམས་བརྟན་པོ་གཏན་ནས་བསྒྱུར་མེད་ལ་བསྒྱུར་ཀྱང་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་རླབས་ཆེན་མཆོང་སྐྱོད་ལ་ཡིད་ཆེས་བརྒྱ་འགྱུར་གྱིས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སྐྱོད་བཞིན་ཡོད། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་ངེས་པར་དུ་མངོན་འགྱུར་བྱེད་དགོས་ལ་མངོན་འགྱུར་བྱེད་ཐུབ་ངེས་ཀྱང་ཡིན།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།