ཁོར་ཡུག་མཛེས་ཤིང་སྡེ་དམངས་ཕྱུག་པའི་འབྲི་ཆུའི་མགོ་ཁུངས་སྡེ་བ།
2023.07.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

 གསར་འགོད་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་ཐོན་པ་ན། ཁ་བ་དཀར་པོ་བོད་ཟས་ཁང་གི་འོ་ཇའི་དྲི་ཞིམ་རྒྱང་རིང་ནས་མཆེད་ཡོངས་ལ། ཟ་ཁང་ནང་གི་ཐབ་ཀའི་སྟེང་ཚོང་བདག་འཕྲིན་ལས་དབང་མོས་འོ་ཇ་དེམ་ཆེན་གང་སྐོལ་འདུག

མོས་བཤད་རྒྱུར། “ནམ་ཟླ་བཟང་བའི་དབྱར་ཁ་དང་། ལྷག་པར་དེ་རིང་གཟའ་ཟླ་བ་ཡིན་པས་དགོང་མོ་མགྲོན་པོ་ཤིན་ཏུ་མང་།  ངས་སྔ་མོ་ནས་འོ་ཇ་གྲ་སྒྲིག་བྱེད་དགོས།”ཟེར།

ལོ་རབས90པའི་རྗེས་སུ་སྐྱེས་པའི་ལི་ཞིན་ཚའེ་དང་འཕྲིན་ལས་དབང་མོ་བཟའ་ཟླ་གཉིས་ཀྱིས2019ལོ་ནས་མགོ་བརྩམས་ཏེ་སྡེ་བའི་ནང་དུ་བོད་ཟས་ཁང་གཉེར་བ་དང་། དང་ཐོག་སྡེ་བའི་ནང་གི་མི་མ་གཏོགས་མེད་མོད། རིམ་བཞིན་གྲོང་ཁུལ་གྱི་མགྲོན་པོ་ཡང་ཇེ་མང་དུ་སོང་བས། བཟའ་ཟླ་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་ཟ་ཁང་དེ་སྡེ་བའི་ཁྱད་ལྡན་ཚོང་ལམ་དུ་གནས་སྤར་ཏེ། ཡུལ་སྐོར་དུས་ཚིགས་སུ་ཕྱི་ཕྱོགས་ཀྱི་མགྲོན་པོ་མང་པོ་སྣེ་ལེན་བྱེད་ཐུབ་པའི་རེ་བ་བཅངས།

“རི་མགོ་ནས་མར་སྤར་རྗེས་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་རེད།”

2004ལོར་ང་ཚོའི་སྡེ་བ་དམར་ཆུའི་འགྲམ་ནས་གནས་འདི་རུ་སྤར་བ་ཡིན། རི་མགོ་ནས་རི་འདབས་དང་། འབྲོག་པ་ནས་གཏན་སྡོད་སོགས། འཕྲིན་ལས་དབང་མོ་ཚང་གིས་གནས་སྤོར་སྔ་གཞུག་གི་འཚོ་བའི་འགྱུར་ལྡོག་ཆེན་པོ་དངོས་སུ་བརྒྱུད་ཡོད།

འཕྲིན་ལས་དབང་མོས་བཤད་རྒྱུར། “རི་མགོ་ནི་ས་མགོ་མཐོ་ཞིང་འཚོ་བར་དཀའ་ཁག་ཆེ་ལ། ནོར་ལུག་མ་གཏོགས་མེད་པ་དང་། སྐབས་དེར་སློབ་གྲྭར་འགྲོ་ན་ཉིན་འགའི་ལམ་ཐག་ཡོད། ད་ལྟ་ཡོད་ཚད་ཇེ་ལེགས་སུ་གྱུར་ཡོད་པ་དང་། སློབ་གྲྭར་འགྲོ་བ་དང་སྨན་པར་བསྟེན་པ། ཐ་ན་ཡོང་སྒོ་བཙལ་ན་ཡང་སྟབས་བདེ་རེད”ཟེར། དང་ཐོག་བཟའ་ཟླ་གཉིས་ཀྱིས་གྲོང་ཁུལ་ནས་ལས་ཀ་ལས་པ་དང་། ཡོང་སྒོ་བཟང་མོད། ཁྱིམ་གྱི་ལོ་ལོན་དང་བྱིས་པར་བདག་སྐྱོང་ལེགས་པོ་བྱེད་དཀའ།

རྗེས་ནས་སྡེ་བའི་ནང་དུ་ངལ་རྩོལ་རྩལ་ནུས་གསོ་སྦྱོང་སྤེལ་བ་དང་། ཇ་མའི་གསོ་སྦྱོང་འཛིན་གྲྭ་ནས་རྩལ་ནུས་བསླབས་པའི་བཟའ་ཟླ་གཉིས་ཀྱིས་འདང་རྒྱག་མེད་པར་ལས་བསྐྱུར་བྱས་ནས་ཕྱིར་སྡེ་བར་ལོག་སྟེ་ལས་སྒོ་གསར་གཏོད་བྱས་པ་རེད།

“སྒོ་ཁ་རུ་ལས་རྒྱུ་ཡོད་པས་སྒོར་མོ་བཙལ་བ་དང་ཁྱིམ་སྐྱོང་བ་གཉིས་ལ་འཐུས་ཤོར་མེད་ཅིང་། ལོ་གཅིག་ལ་སྒོར་ཁྲི་བདུན་ནས་བརྒྱད་ཀྱི་ཡོང་སྒོ་ཡོད།”འབྲི་ཆུའི་མགོ་ཁུངས་སྡེ་བའི་བོད་ལུགས་ཁྱད་ལྡན་ཚོང་ལམ་དུ་བསྐྱོད་པ་ན་ས་གནས་ཀྱི་ཁྱད་ཆོས་གང་སར་མངོན་ཡོད། གྱང་དཀར་པོ་དང་རྫ་ལེབ་དམར་པོ་ཡིན་པའི་བོད་རིགས་སྡོད་དམངས་ཀྱི་ཁྱིམ་དུ་བོད་ལུགས་ཀྱི་ཟ་ཁང་དང་། བོད་ཀྱི་རྒྱན་གོས་ཚོང་ཁང་། ཇ་ཁང་། ཁྱིམ་ཚང་མགྲོན་ཁང་སོགས་ཚོང་ཁང་གཅིག་ནས་གཅིག་ལ་འབྲེལ་བ་དང་། མདའ་ལྟར་དྲང་བའི་གཞུང་ལམ་གྱིས་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཁྱད་ལྡན་མིང་བྱང་གཞི་གཅིག་ཏུ་སྦྲེལ་ཡོད་ལ། ཕུན་སུམ་ཚོགས་པའི་ས་གནས་ཀྱི་རིག་གནས་དང་དེང་རབས་ཅན་གྱི་ཚོང་གཉེར་གྱིས་གྲོང་གསེབ་དར་སྤེལ་ལ་སྔར་མེད་ཀྱི་ཁ་དོག་ཅིག་བསྣན་ཡོད།

ཕྱིར་དྲན་བྱས་ན། 2016ལོའི་ཟླ8པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། མཚོ་འཕང་ལ་སྨི3000ཡོད་པའི་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་པ་དང་། ས་གནས་ཀྱི་གཞི་རིམ་ལས་བྱེད་པ་དང་སྡེ་དམངས་ལ་ཞལ་བརྡ་དང་དམངས་ཀྱི་འཚོ་བ་གླེང་སྟེ། སྐྱེ་ཁམས་གནས་སྤོར་རྗེས་ཀྱི་འབྲི་ཆུའི་མགོ་ཁུངས་སྡེ་བའི་བདེ་སྐྱིད་ཀྱི་འཚོ་བར་རྒྱུས་ལོན་མཛད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་སྐབས་ཀྱི་ལམ་ཐིག་བརྒྱུད་ཐེངས་རེར། ལོ་ན70སོན་པའི་ཀྲི་པུའུ་ཧྲུའུ་ཅི་ཀུན་དགའ་རྣམ་རྒྱལ་གྱིས་རང་དབང་མེད་པར་སྤྱི་ཁྱབ་ཧྲུའུ་ཅིའི་ཁ་གཡང་དྲོན་མོ་ཡིད་ལ་དྲན་ཡོང་།

“སྡེ་བའི་ནང་གི་བོད་རིགས་སྤུན་ཟླ་ཚང་མ་མཛེས་ཤིང་སྡུག་པའི་ཐོག་ཁང་དུ་བསྡད་པ་དང་། བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པ། ཚང་མ་གཞི་རིམ་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་ལ་ཞུགས་པ། འཚོ་བའི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་མཐོང་བ་ན།  སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་དགྱེས་པའི་ངང་ནས‘ཁྱེད་ཚོའི་བདེ་སྐྱིད་ཀྱི་ཉི་མ་ད་དུང་རིང་བ་རེད’ཅེས་གསུང་མྱོང་”།

དུས་ཚོད་ནི་ཆེས་ཕྱོགས་ལྷུང་བྲལ་བའི་བདེན་དཔང་མཁན་དང་། ཆེས་རླབས་ཆེ་བའི་ཞིབ་འབྲི་མཁན་དེ་ཡིན།

ལོ་ངོ་བདུན་གྱི་རིང་ལ། སེམས་ཀྱིས་བསྐྱངས་པའི་ས་བོན་ལ་རེ་བའི་འབྲས་བུ་སྨིན་པ་དང་། འབྲི་ཆུའི་མགོ་ཁུངས་སྡེ་བའི་མི་རྣམས་ཀྱིས་རེ་བ་ཡིད་ལ་བཅངས་ནས་ལག་ཟུང་ལ་བརྟེན་ཏེ་མཛེས་སྡུག་གི་འཚོ་བ་བསྐྲུན་པའི་སྒུལ་ཤུགས་སྔར་ལས་ཇེ་ཆེར་སོང་ཡོད།

རང་བདག་ལས་གཏོད་ཀྱི་ཤུགས་རྐྱེན་ཐེབས་མཁན་ནི་སྡེ་བའི་ནང་གི་ན་གཞོན་ཙམ་མ་ཡིན་པར། འཕྲིན་ལས་དབང་མོ་ཚང་གི་ཟ་ཁང་གི་འགྲམ་ན་ལོ59ལ་བུད་པའི་གངས་དཀར་ལྷ་མོས་གཉེར་བའི་ཇ་ཁང་ཡོད།

“ཡུལ་མི་མང་པོ་ཞིག་གིས་ཁྱིམ་གྱི་སྒོ་ཁ་ནས་ཚོང་ཁང་ཕྱེ་བ་དང་། གཅིག་ལས་གཅིག་གི་ཚོང་བྲིན་བཞིན་པ་མཐོང་བ་ན། ངས་ཀྱང་ཚོད་ལྟ་བྱེད་འདོད་པ་ཡིན།”རྩྭ་ཐང་ནས་ཕྱུགས་འཚོ་བའི་འཚོ་བ་དང་ཁ་གྱེས་རྗེས། དལ་སྡོད་མེད་པའི་གངས་དཀར་ལྷ་མོས་འུར་ཆ་བསྐྱུར་ནས་སྦྱིན་བདག་བྱས།

སྲོལ་རྒྱུན་གྱི་འོ་ཇ་ལས་གཞན་ཉེ་ལམ་དར་ཁྱབ་ཆེ་བའི་དེམ་ཆུང་ཇ་ཡང་གངས་དཀར་ལྷ་མོ་ཚང་གི་ཁྱད་ལྡན་མིང་བྱང་དུ་གྱུར།

“གྲོང་ཁྱེར་གྱི་ཡུལ་སྐོར་པ་ལས་གཞན། ད་དུང་སྡེ་བའི་ནང་གི་རྒན་གཞོན་ཕོ་མོ་ཚོ་ཡང་རྒྱུན་པར་འདིར་ཡོང་ནས་འཛད་སྤྱོད་བྱེད་པ་རེད།”འཚོ་བ་ཇེ་ལེགས་སུ་སོང་བ་དང་། འབྲོག་པའི་འཚོ་བར་གོམས་པའི་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་དམངས་ཚོས་ཁོམ་སྐབས་སུ་འཚོ་བར་རོལ་མྱོང་བྱེད་བཞིན་དགའ་སྤྲོས་ཁེངས་ཡོད།

“ཟླ་རེར་སྒོར800ཡི་ཁང་རིན་ཕུད་རྗེས། ཟླ་གཅིག་ལ་སྒོར3000འཚོལ་ཐུབ། གྲོང་ཁྱེར་ནས་ལས་ཀ་ལས་པ་དང་བསྡུར་ན་ཡོང་སྒོ་མང”ཞེས་གངས་དཀར་ལྷ་མོས་དགའ་སྤྲོའི་ངང་དེ་ལྟར་བཤད།

ཐོན་ལས་དར་ཞིང་སྡེ་དམངས་ཕྱུག་ལ། གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར། 2018ལོར་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་དཔེ་སྟོན་ཚོད་ལྟའི་སྡེ་བར་གཏན་འཁེལ་བྱས་པ་ནས་བཟུང་། འབྲི་ཆུའི་མགོ་ཁུངས་སྡེ་བས་ནམ་ཡང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ཆེས་མདུན་ས་རུ་ཧུར་བརྩོན་བྱེད་བཞིན་ཡོད།

སྡེ་སྡོད་ཧྲུའུ་ཅི་དང་པོ་ལི་ཀྲི་པིན་གྱིས་བཤད་རྒྱུར། “ངལ་རྩོལ་རྩལ་ནུས་ཀྱི་གསོ་སྦྱོང་བྱས་པ་བརྒྱུད། སྡེ་དམངས་རྣམས་ཀྱིས་ལས་སྒྲུབ་ལས་སྒོ་གསར་གཏོད་ཐད་ཧུར་བརྩོན་བྱེད་པའི་མཐོ་རླབས་འཕྱུར་བ་དང་། ལག་ཤེས་བསླས་འཐག་མཉམ་ལས་ཁང་དང་། ཚོང་དོན་མཉམ་ལས་ཁང་། རླངས་འཁོར་སྐྱེལ་འདྲེན་མཉམ་ལས་ཁང་། ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་སོགས་ལ་ཁྱིམ་ཚང་རེ་རེ་ཧུར་བརྩོན་གྱིས་ཞུགས་ཡོད”། རྩལ་ནུས་གསོ་སྦྱོང་ལས་གཞན།  སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ལས་སྒོ་གསར་གཏོད་བྱེད་འདོད་པའི་སྡེ་དམངས་ལ་རིག་ལམ་འཚོལ་ཞིབ་བྱེད་རོགས་དང་འབྲེལ་ཡོད་ཚོང་གཉེར་དཔང་ཡིག་དང་འགྲོ་ལུགས་སྒྲུབ་རོགས་བྱས་པ་རེད།

“མི་འགྱང་བར། ངེད་ཚང་གི་ཁྱིམ་ཚང་འགྲུལ་ཁང་གི་སྒོ་འབྱེད་རྒྱུ་ཡིན། ཧྲུའུ་ཅི་ལི་ལགས་སྐབས་དེར་ངེས་པར་དུ་ཐོན་དགོས”།  གངས་དཀར་ལྷ་མོ་ཚང་གི་ཇ་ཁང་ནས་སྒོར་བུད་པ་ན།  ཚོང་རྫས་གསར་པ་བླངས་མ་ཐག་པའི་སྡེ་མི་ཉི་ཞ་དང་འཕྲད།

ཉི་ཞ་ནི་སྡེ་བའི་ནང་གི་ལས་སྒོ་གསར་སྤེལ་སྣེ་ཁྲིད་པ་སྔ་ཤོས་ཀྱི་གྲས་ཡིན་པ་དང་། སྡེ་བའི་ནང་དུ་བོད་ཀྱི་རྒྱན་གོས་ཚོང་ཁང་ཞིག་ཡོད་པ་དང་། སྡེ་བའི་ནང་གི་དར་སྲོལ་གསར་བའི་ཁ་ཕྱོགས་ཀྱི“སྣེ་ཁྲིད་པ”ཡིན་པའི་ཆ་ནས།  ཉི་ཞས་རྒྱུན་པར་ལྷ་ས་དང་བལ་ཡུལ་སོགས་ནས་ཚོང་ནང་འདྲེན་བྱེད་བཞིན་ཡོད་པས། ཁོ་མོ་ཚང་གི་ཚོང་རྫས་ཧ་ཅང་བྲིན་ཆེ་བ་རེད།

ན་ནིང་། གྲོང་གསེབ་ཡུལ་སྐོར་གྱི་ཚོང་ལས་གོ་སྐབས་མཐོང་ནས་ཉི་ཞས་ལོ་འདི་འགའི་རིང་ལ་ཚོང་བརྒྱབ་པའི་གསོག་དངུལ་ཡོད་ཚད་བཀོལ་ཏེ། མ་དངུལ་སྒོར་འབུམ་ལྔ་བཏང་ནས་སྡེ་བའི་ནང་དུ་ཁྱིམ་ཚང་འགྲུལ་ཁང་ཞིག་ཕྱེས། ཁོ་མོས་བཤད་ཚུལ་ལྟར་ན“ལོ་འདི་འགའི་རིང་ལ་ན་གོར་མོར་ཡུལ་སྐོར་དུ་ཡོང་བའི་མགྲོན་པོ་ཇེ་མང་ནས་ཇེ་མང་ཡིན་པ་དང་། གྲོང་གསེབ་ཡུལ་སྐོར་ནི་ཚ་ཤོས་ཡིན་ལ།  ཚོང་འདིས་ཁེ་སྤོགས་རེག་ཐུབ”ཟེར།

སྡེ་དམངས་ཀྱི་ཡོང་སྒོ་ཇེ་མང་ནས་ཇེ་མང་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཡང་ཇེ་མང་ནས་ཇེ་མང་རེད།

ལི་ཀྲི་པིན་གྱིས་བཤད་རྒྱུར། “ཉེ་བའི་ལོ་གཉིས་ཀྱི་རིང་ལ། ང་ཚོས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཕན་པའི་ཐབས་ལམ་ཧུར་ཐག་གིས་བཙལ་བ་དང་། སྐམས་ལུག་གི་ཤའི་ལས་སྣོན་གཙོ་བོར་བཟུང་བ་དང་། སྐམས་ལུག་གི་ཤ་རྣལ་མ་ལས་སྣོན་ཕྱིར་འཚོང་རྟེན་གཞིར་བརྟེན་ནས། ཚོང་གི་ཐོན་ཁུངས་དང་ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཡིན་པའི་ཐོན་ལས་སྦྲེལ་ཐག་གྲུབ་ཡོད་པ་དང་། སྡེ་བའི་ཐུན་མོང་གི་དཔལ་འབྱོར་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད”།  ན་ནིང་སྡེ་དམངས་ཀྱི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གསུམ་སྟོང་གསུམ་བརྒྱད་བརྒྱར་སླེབས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ2017ལོའི་སྒོར་འབུམ་གཉིས་ལྷག་ནས་སྒོར་འབུམ་ལྔ་ལྷག་ལ་འཕར་ཡོད།

འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེས་འབྲི་ཆུའི་མགོ་ཁུངས་སྡེ་བའི་མ་འོངས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་རེ་བ་ཆེན་པོ་བསྩལ་ཡོད།

ལི་ཀྲི་པིན་གྱིས་བཤད་རྒྱུར། “ཐོག་མར་ནོར་ལུག་གསོ་སྤེལ་རྟེན་གཞིའི་ཁྱད་ལྡན་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཞོར་མི་རིགས་ཡུལ་སྐོར་རིག་གནས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། མཐོ་སྒང་གི་ཁྱད་ལྡན་འབྲོག་ལུགས་ཡུལ་སྐོར་གྲོང་ཚོ་སྐྲུན་པ། སྲུང་སྐྱོབ་བྱེད་ཞོར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་སྒྲིག་གཞི་སྣ་མང་ཅན་མངོན་འགྱུར་དང་། མང་ཚོགས་ཀྱི་ཡོང་སྒོ་སྔར་ལས་ཇེ་མང་དུ་གཏོང་དགོས”ཟེར།

འབྲི་ཆུའི་མགོ་ཁུངས་སྡེ་བའི་དགའ་འོས་པའི་འགྱུར་ལྡོག་ལས་མཚོ་སྔོན་གྱིས་ཞིང་སྡེ་བཅོས་བསྒྱུར་དང་གྲོང་གསེབ་ཐོན་ལས་དར་སྤེལ་རྒྱུན་མཐུད་ནས་ཇེ་མགྱོགས་སུ་བཏང་བའི་གྲུབ་འབྲས་མངོན་ཡོད། “འབྲི་ཆུའི་མགོ་ཁུངས་ནས་སླེབས་པ་དང་ཆུ་འཐུང་དུས་ཆུ་མགོ་དྲན་པ།  ཏང་གི་བཀའ་དྲིན་མི་བརྗེད་པ”མཚོན་དོན་ཡིན་པའི་གནས་སྤོར་སྡེ་གསར་འདིས་གྲོང་གསེབ་དར་སྤེལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་སྔར་ལས་བཟང་བའི་འཚོ་བའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།