ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དྲུག་པའི་སྟེང་ཏང་གི་གཞུང་ལུགས་གསར་སྐྲུན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་བསྟུད་མར་གཏིང་ཟབ་ཏུ་བཏང་སྟེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གཞུང་ལུགས་གསར་སྐྲུན་ཐད་གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་ལེན་དགོས་ཞེས་ནན་གྱིས་བསྟན།
2023.07.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཉེ་ལམ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་གཏོད་པའི་ཐུན་མོང་སློབ་སྦྱོང་ཐེངས་དྲུག་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་ཞིག་གཏོད་པའི་ལས་འགན་ཆེ་ཤོས་ནི། དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་། “ཟུང་འབྲེལ་གཉིས”དང“ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག”སོགས་གཞུང་ལུགས་གསར་སྐྲུན་ལ་སྐུལ་སྤེལ་བྱེད་པའི་ཚན་རིག་དང་མཐུན་པའི་ཐབས་ལམ་བཏོན་པར་མ་ཟད་འཆད་འགྲེལ་བྱས་པ་དང་། ཏང་གི་གཞུང་ལུགས་གསར་སྐྲུན་མུ་མཐུད་དུ་སྐུལ་སྤེལ་བྱེད་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པས། ང་ཚོས་རྒྱུན་འཁྱོངས་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱེད་དགོས།

ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་གཙོ་གཞོན་པ(གླིང་གཙོ་གཞོན་པ)ལི་ཝུན་ཐང་གིས་གནད་དོན་འདིའི་ཐད་ནས་འགྲེལ་བཤད་བརྒྱབ་པ་དང་། བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་པར་མ་ཟད་བགྲོ་གླེང་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་བགྲོ་གླེང་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ལོ་ངོ་བརྒྱའི་རིང་གི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། ང་ཚོའི་ཏང་གིས་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ལོ་རྒྱུས་ཀྱི་དུས་མཚམས་རེ་རེར་གྲུབ་འབྲས་གལ་ཆེན་ལེན་ཐུབ་པ་དང་། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཆབ་སྲིད་སྟོབས་ཤུགས་གཞན་དག་གིས་འགྲུབ་ཐབས་མེད་པའི་འོས་འགན་ལྕི་མོ་འགྲུབ་ཐུབ་པའི་གཞི་རྩ་ནི། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་གཞུང་ལུགས་བྱང་ཆུབ་པར་མ་ཟད། དོན་དངོས་གསར་པ་དང་ཟུང་དུ་སྦྲེལ་ཏེ་གཞུང་ལུགས་གསར་སྐྲུན་ལ་སྐུལ་སྤེལ་བྱས་པས། མའོ་ཙེ་ཏུང་གི་དགོངས་པ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སོགས་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། དུས་དང་རྣམ་པ་ཀུན་ཏུ་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་གཉེར་བཅས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་རུ་མར་ཁེ་སི་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག་ལ། ཏང་ལ་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་བྱང་ཆུབ་ཏུ་བཅུག་པ་བཅས་ཀྱིས་ཡིན། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཡག་དོན་ཅི་ཡིན་པ་དེ།  མཐར་གཏུགས་ན་མར་ཁེ་སི་རིང་ལུགས་ཡང་དག་པ་དང་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཡང་དག་པ་ཡིན་པས་རེད།  འདི་ནི་ལོ་རྒྱུས་ཀྱིས་བཀོད་པའི་སྡོམ་ཚིག་ཡིན་པས། ང་ཚོས་ཏང་གི་གཞུང་ལུགས་གསར་སྐྲུན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་བསྟུད་མར་གཏིང་ཟབ་ཏུ་བཏང་སྟེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གཞུང་ལུགས་གསར་སྐྲུན་ཐད་གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་ལེན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ཞེས་པའི་བརྗོད་བྱ་གལ་ཆེན་འདིས་མ་གཞི་ནས་ང་ཚོས་མར་ཁེ་སི་རིང་ལུགས་ཞེས་པའི་བླ་སྲོག་འདི་གཏན་ནས་འདོར་མི་རུང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཞེས་པའི་སྲོག་རྩ་འདི་གཏན་ནས་འདོར་མི་རུང་བ་ཐག་གིས་བཅད་ཡོད། བླ་སྲོག་འདི་ལ་བརྩི་སྲུང་ནན་མོ་བྱེད་པ་ནི། གཞུང་ལུགས་གསར་སྐྲུན་གྱི་རྨང་གཞི་དང་སྔོན་འགྲོ་ཡིན། གཞུང་ལུགས་གསར་སྐྲུན་བྱེད་ན་སྐད་ཆ་གསར་པ་བཤད་དགོས་ཀྱང་། གནའ་སྲོལ་རྙིང་པ་འདོར་མི་རུང་སྟེ། འབྱུང་རྩ་བརྗེད་པ་ནི་བླ་སྲོག་དང་སྲོག་རྩ་བཅད་པ་དང་འདྲ་ལ། མཇུག་མཐར་བླ་སྲོག་དང་སྲོག་རྩ་བོར་བ་ལྟ་བུའི་མགོ་རྟིང་སློག་པའི་ནོར་འཁྲུལ་བཟོ་སྲིད། ང་ཚོས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཞེས་པའི་ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་རྩ་བ་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་པ་དང་། རང་རེའི་རྒྱལ་ཁབ་དང་རང་རེའི་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལྡན་པའི་ས་ཞིང་གཤིན་པོ་རུ་མར་ཁེ་སི་རིང་ལུགས་ཀྱི་རྩ་བ་ཚུགས་སུ་འཇུག་པའི་གོམ་མཚམས་མི་འཇོག་པར། ལོ་རྒྱུས་ཀྱི་རང་རྟོན་དང་རིག་གནས་ཀྱི་རང་རྟོན་བརྟན་པར་བྱེད་པ་དང་། གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་འདོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་མཛུབ་སྟོན་དུ་བཟུང་ནས་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་ལྷག་རིང་གི་ཤེས་རིག་བང་མཛོད་ཕྱོགས་ཡོངས་ནས་སྔོག་འདོན་དང་། མར་ཁེ་སི་རིང་ལུགས་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་སྐྱེ་སྟོབས་ཀྱིས་ཕྱུག་པའི་ཕུལ་བྱུང་གྲུབ་ཆ་སྐུལ་སྤེལ་བྱེད་དགོས་པར་མ་ཟད་དུས་རབས་ཀྱི་གོ་དོན་གསར་པ་སྤྲད་དེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་དང་ཕུན་སུམ་ཚོགས་པའི་ཤེས་རིག་སྔར་ལས་གཏིང་ཟབ་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ལ་སིམ་པར་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་ཉིང་བཅུད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉིང་བཅུད་ཁྲོད་ནུས་ལྡན་སྒོས་ཁྱབ་པར་བྱས་ཏེ། གཞུང་ལུགས་ཀྱི་ལེགས་ཆ་གསར་པར་བསྒྱུར་བ་དང་། བསམ་པའི་ཡང་རྩེ་གསར་པར་རྒྱུན་ཆད་མེད་པར་འགོ་དགོས། ང་ཚོས་གཞུང་ལུགས་ཀྱི་མཐོང་རྒྱ་ཇེ་ཡངས་སུ་བཏང་སྟེ། བློ་རྒྱ་ཆེན་པོས་སློབ་སྦྱོང་གང་མང་དང་མིའི་རིགས་སྤྱི་ཚོགས་ཀྱི་ཕུལ་བྱུང་དཔལ་ཡོན་གྲུབ་འབྲས་ཡོད་ཚད་དཔྱད་གཞིར་བཟུང་སྟེ། “མིའི་རིགས་ཀྱི་ཤེས་བྱའི་སྤྱི་བསྡོམས”ཁྲོད་ཕུལ་བྱུང་བསམ་པའི་རིག་གནས་ཀྱི་ཐོན་ཁུངས་སྡུད་ལེན་བྱས་ཏེ། ཏང་གི་གཞུང་ལུགས་གསར་སྐྲུན་དང་འཕེལ་རྒྱས་གཏོང་བ་དང་། མཉམ་སྡུད་མཉམ་གསོག་དང་ཀུན་གྱི་ལེགས་ཆ་ལེན་པའི་གཞུང་ལུགས་ཀྱི་ཆགས་སྟངས་ཆེན་མོ་དང་རྣམ་པ་ཆེན་མོ་ཆགས་སུ་འཇུག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གསར་པར་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་འདེབས་དགོས། དུས་རབས་ནི་བསམ་བློའི་གཞི་མ་དང་ལག་ལེན་ནི་གཞུང་ལུགས་ཀྱི་འབྱུང་ཁུངས་ཡིན། དུས་རབས་བརྒལ་བའི་གཞུང་ལུགས་ཡོད་ཚད་ནི་དུས་རབས་ཀྱི་དགོས་མཁོ་བསྐང་ཆེད་བྱུང་བའི་ཐོན་རྫས་ཡིན། དུས་རབས་ལ་ལྟ་ཞིབ་དང་དུས་རབས་ཁོང་དུ་ཆུད་པ། དུས་རབས་ལ་སྣེ་ཁྲིད་པའི་གཞུང་ལུགས་སྤྱད་དེ། ངེས་པར་དུ་དུས་རབས་ཀྱི་སྐད་སྒྲ་མཚོན་དགོས་པ་ལས། རང་ཉིད་གནས་སའི་དུས་རབས་ཀྱི་ལག་ལེན་དང་གཏན་ནས་ཁ་འབྲལ་མི་རུང། ངེས་པར་དུ་ལག་ལེན་གྱི་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་བྱས་ནས། དུས་རབས་ཀྱི་བསམ་བློའི་ཉིང་བཅུད་དུ་འགྱུར་དུ་འཇུག་དགོས། ང་ཚོས་གཞུང་ལུགས་གསར་སྐྲུན་སྐུལ་སྤེལ་བྱེད་རྒྱུ་ནི་ལག་ལེན་གྱི་རྨང་གཞིའི་སྟེང་གི་གཞུང་ལུགས་གསར་སྐྲུན་ཡིན་པ་ལས། དངོས་ཡོད་དང་རིང་དུ་བརྒལ་ནས་སྟོང་བསམ་རྒྱག་རྒྱུ་དེ་མིན། ངེས་པར་དུ་ལག་ལེན་དངོས་ཀྱི་ཁྲོད་ནས་བདེན་དོན་རྙེད་པ་དང་། བདེན་དོན་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ལག་ལེན་ལ་བརྟེན་ནས་བདེན་དོན་མངོན་འགྱུར་དང་བདེན་དོན་ལ་ཞིབ་དཔྱད་བྱེད་དགོས། “སྤྱི་ཡོངས་ཆེན་མོ་གཉིས”ཀྱི་འཕེལ་རིམ་མགྱོགས་ཤིང་མཉམ་འགུལ་གཏིང་ཟབ་བྱེད་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག མིའི་རིགས་ཀྱི་སྤྱི་ཚོགས་དེ་འཕྲལ་མར་ཐག་གཅོད་དགོས་པའི་ཐུན་མོང་གི་གནད་དོན་མང་པོར་འཕྲད་ཡོད། རང་རྒྱལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཁྱབ་ཁོངས་སོ་སོར་ཞིབ་འཇུག་བྱ་གཞི་གལ་ཆེན་གསར་པ་རབ་དང་རིམ་པ་བྱུང་ཡོད། ང་ཚོར་བཏོན་པའི་ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ཀྱི་རྒྱུགས་གཞི་གསར་པ་ནི་སྔར་ལས་རྙོག་འཛིང་ལྡན་ཞིང་དཀའ་ཁག་ཆེ་ལ། ང་ཚོས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐད་ནས་རྒྱུགས་ལན་སྤྲོད་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ལོ་རྒྱུས་ཀྱི་ལྟ་བ་ཆེན་མོ་བརྟན་པོར་འཛུགས་པ་དང་། སྔར་ལས་ཡངས་པའི་མཐོང་རྒྱ་དང་སྔར་ལས་རིང་བའི་མིག་རྒྱང་གིས་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་མོའི་འཕེལ་ཕྱོགས་ལ་ངོས་འཛིན་གསལ་པོ་ཡོད་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། ཚན་རྩལ་གྱི་འཕོ་འགྱུར་གསར་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆགས་སྟངས་ཆེན་པོ། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་བཅས་ཀྱི་ཁྲོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་སྒྲིག་འཛུགས་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་སྤེལ་བྱེད་པ། འཛམ་གླིང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ལས་དབང་བསྡུར་དཔྱད་དང་ང་ཚོའི་ཏང་གི་ཡུན་རིང་སྲིད་འཛིན་ཐད་ཐུག་པའི་དངོས་ཡོད་ཀྱི་ཉམས་སད་ཁྲོད་ནས་ཏང་གི་རང་ངོས་གསར་བརྗེའི་འཐབ་ཇུས་བསམ་བློའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་སྤེལ་བྱེད་དགོས་ཤིང་། དངོས་ཡོད་གནད་དོན་ཐག་གཅོད་པའི་ཚན་རིག་གི་འདུ་ཤེས་དང་ཁ་གཏད་འཇལ་ཚུལ་ནུས་ལྡན་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་བཏོན་ཏེ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ལ་སྔར་ལས་སྟོབས་དང་ལྡན་ཞིང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་སྟོབས་ཤུགས་མངོན་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཞུང་ལུགས་མ་ལག་ཅན་དང་རིག་གཞུང་ཅན་དུ་འགྱུར་བར་སྐུལ་སྤེལ་བྱེད་པ་ནི་གཞུང་ལུགས་གསར་སྐྲུན་གྱི་ནང་གནས་བླང་བྱ་དང་ཐབས་ལམ་གལ་ཆེན་ཞིག་ཡིན། མར་ཁེ་སི་རིང་ལུགས་ཀྱིས་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་རྒྱུ་མཚན་ཡང་དེའི་གཏིང་ཟབ་པའི་རིག་ལམ་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བདེན་དོན་རང་བཞིན་གསལ་སྟོན་དང་། མ་ལག་འཐུས་ཚང་ལ་བརྟེན་ནས་དེའི་གཞུང་ལུགས་ཀྱི་ཚན་རིག་རང་བཞིན་རིགས་པས་བསྒྲུབས་ཡོད་པས་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཕེལ་རྒྱས་ནི་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རྒྱ་བསྐྱེད་པར་མ་ཟད། མ་ལག་ཅན་དང་རིག་ལམ་ཅན་དུ་བསྒྱུར་བའི་གོ་རིམ་ཞིག་ཡིན། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་འགོད་ཀྱི་གཞུང་ལུགས་ཞིབ་འཇུག་གི་འཆད་འགྲེལ་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་དགོས་ལ། གཙོ་བོ་ང་ཚོའི་ཏང་གིས་བཏོན་པའི་འདུ་ཤེས་གསར་པ་དང་ཆོད་གཏམ་གསར་པའི་ཁྲོད་ཀྱི་ངེས་སྲོལ་རང་བཞིན་གྱི་གཞུང་ལུགས་གྲུབ་འབྲས་ལ་ཞིབ་འཇུག་དང་འཆད་འགྲེལ་བྱེད་པ་དང་། ཕན་ཚུན་གྱི་ནང་གནས་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞུང་ལུགས་མ་ལག་སྔར་ལས་ལེགས་པར་སློབ་སྦྱོང་དང་ཁོང་དུ་ཆུད་པར་སློབ་གསོ་དང་སྣེ་ཁྲིད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་མང་ཚོགས་ཀྱི་གསར་སྐྲུན་ཁྲོད་ནས་གཞུང་ལུགས་གསར་སྐྲུན་གྱི་ཉམས་མྱོང་དང་བློ་གྲོས་སྡུད་ལེན་བྱེད་རྒྱུ་གཙིགས་སུ་འཛིན་དགོས། མར་ཁེ་སི་རིང་ལུགས་ནི་མི་དམངས་ཀྱི་ཆེད་དུ་གཏམ་བཤད་པ་དང་མི་དམངས་ཀྱི་མགྲིན་ཚབ་བྱེད་པའི་གཞུང་ལུགས་ཤིག་ཡིན་ལ། མི་དམངས་ཀྱི་ལས་དབང་བསྒྱུར་ཆེད་གསར་འཛུགས་དང་མི་དམངས་ཀྱི་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལག་ལེན་ཁྲོད་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བ་ཡིན་པས། མི་དམངས་ཀྱི་གསར་སྐྲུན་རང་བཞིན་གྱི་ལག་ལེན་ནི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་གསར་སྐྲུན་གྱི་འཛད་མཐའ་མེད་པའི་འབྱུང་ཁུངས་ཡིན། མི་དམངས་ནི་ལོ་རྒྱུས་ཀྱི་གསར་སྐྲུན་མཁན་ཡིན་པའི་ཆ་ནས། དངོས་པོའི་ལོངས་སྤྱོད་ཀྱི་གསར་སྐྲུན་མཁན་ཡིན་པར་མ་ཟད། བསམ་པའི་ལོངས་སྤྱོད་ཀྱི་གསར་སྐྲུན་མཁན་ཡང་ཡིན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་གྲུབ་འབྲས་ཡོད་ཚད་ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན། མའོ་ཙེ་ཏུང་གི་དགོངས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཞུང་ལུགས་མ་ལག་ཡིན་ནའང་འདྲ། ཡང་ན་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིནའང་འདྲ། ཚང་མ་མི་དམངས་ཀྱི་བློ་གྲོས་དང་མི་དམངས་ཀྱི་འཚོལ་ཞིབ། མི་དམངས་ཀྱི་གསར་སྐྲུན་བཅས་ལས་མ་ཐོན་པ་གཅིག་ཀྱང་མེད། ཏང་གི་གཞུང་ལུགས་གསར་སྐྲུན་མུ་མཐུད་དུ་སྐུལ་སྤེལ་བྱེད་དགོས་ན་ངེས་པར་དུ་མང་ཚོགས་ཀྱི་ལམ་ཕྱོགས་སུ་ལེགས་པར་བསྐྱོད་དགོས་པ་ལས། རང་སྣང་གང་ཤར་གྱིས་བྱ་བ་སྒྲུབ་པ་དང་ལག་ལེན་མེད་པར་གནས་ལུགས་སྟོང་རྐྱང་གླེང་བ། སྟོང་བསམ་རྒྱག་པ་བཅས་གཏན་ནས་བྱེད་མི་རུང་། མི་དམངས་ཀྱི་ཐོག་མའི་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས་ཤིང་། མི་དམངས་ཀྱི་གསར་སྐྲུན་རང་བཞིན་གྱི་ལག་ལེན་ཁྲོད་ཉམས་མྱོང་གསར་པ་སྤྱི་བསྡོམས་བྱེད་རྒྱུར་དོ་སྣང་བྱེད་དགོས། རྗེས་དཔག་གི་ངོས་འཛིན་དུ་འཕར་བར་བྱས་ནས། གཞུང་ལུགས་ཀྱི་གྲུབ་འབྲས་གསར་པ་བཙོ་སྦྱང་བྱེད་དགོས། ཏང་གི་གསར་སྐྲུན་གཞུང་ལུགས་མི་དམངས་དུང་ཕྱུར་ཁྲི་ཕྲག་གི་སེམས་སུ་འཇགས་པར་ཤུགས་བཏོན་ནས། མི་དམངས་དང་ཉེ་བར་བཅར་ཞིང་དམངས་ཀྱི་བློ་གྲོས་གཅིག་ཏུ་སྡུད་པ། དམངས་ཀྱི་འདོད་བློ་དང་བསྟུན་པ། དམངས་སེམས་འགུག་པ་བཅས་གཞུང་ལུགས་སུ་འགྱུར་དུ་འཇུག་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།