དྲི་བ་གོ་གསུམ་པ་སྟེ། རྒྱལ་ཁབ་ཕྱི་ནང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་སྔར་ལས་རྒྱ་ཆེན་པོ་ཆགས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.07.07 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 5

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“རྒྱལ་ཁབ་ལ་དགའ་བ་དང་། ཞང་ཀང་ལ་དགའ་བ། ཨའོ་མོན་ལ་དགའ་བའི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་དང་། ཞང་ཀང་དང་ཨའོ་མོན་སྤུན་ཟླའི་རྒྱལ་གཅེས་སྙིང་སྟོབས་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གིས‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་སྔར་ལས་རྒྱ་ཆེན་པོ་ཆགས་པར་བྱེད་དགོས”ཞེས་བསྟན་ཡོད། “རྒྱལ་ཁབ་ཕྱི་ནང་གིས‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་སྔར་ལས་རྒྱ་ཆེན་པོ་ཆགས་པར་བྱེད་དགོས”ཞེས་བཏོན་པ་དེ་ནི་ཞང་ཀང་དང་ཨའོ་མོན་གྱི་བྱ་བའི་ཁྲོད་ཐེངས་དང་པོ་ཡིན་པས། ཞང་ཀང་དང་ཨའོ་མོན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ནང་དོན་དང་ཁྱབ་བྱེད་རྒྱ་ཆེ་རུ་བཏང་བ་དང་། དེ་ནི་ཞང་ཀང་དང་ཨའོ་མོན་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་སྐྲུན་དང་འཕེལ་རྒྱས་གལ་ཆེན་ཞིག་ཡིན་པས།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཆ་རྐྱེན་འོག་དུས་རབས་གསར་པའི་ཞང་ཀང་དང་ཨའོ་མོན་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཇི་ལྟར་ལེགས་པོར་སྒྲུབ་པར་རྩ་བའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད།

འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་རྒྱུན་ཆད་མེད་པར་རྒྱལ་ཁ་བླངས་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཞང་ཀང་དང་ཨའོ་མོན་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱས་པར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ནི་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཐུབ་པ་ཐམས་ཅད་ལ་ཧུར་ཐག་གིས་སྐུལ་སློང་བྱེད་པ། མི་སེམས་དང་སྟོབས་ཤུགས་རྒྱ་ཆེར་གཅིག་བསྡུས་བྱེད་པ། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་མཉམ་ལས་ཆེན་མོ་བཅས་མངོན་འགྱུར་བྱས་ཏེ། སྟོབས་དང་ནུས་པ་ལྡན་པའི་འཐབ་ཕྱོགས་གཅིག་གྱུར་ཞིག་སྐྲུན་དགོས། རྙོག་འཛིང་ཆེ་ཞིང་ཟང་ཟིང་གི་རྒྱལ་སྤྱིའི་གནས་བབ་དང་ཉིན་རེ་བཞིན་ཛ་དྲག་ཆེ་བའི་འཐབ་རྩོད་ཀྱི་མདུན་དུ། ཞང་ཀང་དང་ཨའོ་མོན་གྱི་འཐབ་ཕྱོགས་གཅིག་གྱུར་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། དུས་རབས་གསར་པའི་ཞང་ཀང་དང་ཨའོ་མོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བས་ངེས་པར་དུ་རྒྱལ་ཁབ་ལ་དགའ་བ་དང་། ཞང་ཀང་ལ་དགའ་བ། ཨའོ་མོན་ལ་དགའ་བའི་སྟོབས་ཤུགས་རྒྱ་སྐྱེད་དུ་གཏོང་རྒྱུ་ལྟེ་བ་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་འཚམ་པའི་རིན་ཐང་གི་ལྟ་བ་གཙོ་བོ་དར་སྤེལ་བཏང་སྟེ། མཐུན་ཆ་ཆེ་ཤོས་རྙེད་པ་དང་ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་བྲིས་ཏེ། རྒྱལ་ཁབ་ཕྱི་ནང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་པའི་རྣམ་པ་གསར་བ་ཞིག་ཆགས་པར་བྱེད་དགོས།

དང་པོ། ངེས་པར་དུ་སྤྱི་ཚོགས་ཡོངས་ཀྱི་ཕྱོགས་སོ་སོའི་བསམ་བློ་དང་བྱ་སྤྱོད་རྣམས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། ལག་ལེན་ལས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། མེས་རྒྱལ་གྱི་མི་དམངས་དུང་ཕྱུར14ལྷག་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་ཐོབ་ཡོད་པ་བདེན་དཔང་བྱས་ཡོད། འགལ་རྐྱེན་དང་དོགས་པ་ཡོད་ཚད་སེལ་ཏེ་ཕྱོགས་སོ་སོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་བྱེད་པའི་ཆེས་ཆེ་བའི་ཐུན་མོང་གི་ངོས་ཟིན་གཅིག་བསྡུས་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་འགྱུར་ལྡོག་མི་གཏོང་བ་དང་གཡོ་འགུལ་མི་གཏོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཚུགས་ཀ་མི་འགྱུར་བ་དང་བཟོ་ལྟ་མི་འགྱུར་བར་ཡང་འགན་ལེན་ཏན་ཏིག་བྱེད་དགོས། ཀྲུང་དབྱང་གིས་ཉེ་བའི་ལོ་ཤས་རིང་སྤྱད་པའི་བྱེད་ཐབས་གལ་ཆེན་ཡོད་ཚད་ཀྱི་དམིགས་ཡུལ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྔར་ལས་ལེགས་པོའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཡིན་པས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་གཡོ་འགུལ་གཏོང་བའམ་འགྱུར་ལྡོག་གཏོང་བའི་གནད་དོན་རྩ་བ་ནས་གནས་མེད།

གཉིས་པ། རྒྱལ་ཁབ་ལ་དགའ་བ་དང་། ཞང་ཀང་ལ་དགའ་བ། ཨའོ་མོན་ལ་དགའ་བའི་སྟོབས་ཤུགས་སྔར་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་འཐབ་ཕྱོགས་གཅིག་གྱུར་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་རེད། རྒྱལ་ཁབ་ལ་དགའ་བ་དང་། ཞང་ཀང་ལ་དགའ་བ། ཨའོ་མོན་ལ་དགའ་བའི་སྟོབས་ཤུགས་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་དོན་འཁྱོལ་བྱེད་པའི་གཙོ་ཤུགས་ཡིན་པ་དང་། རྒྱལ་གཅེས་པས་ཞང་ཀང་དང་ཨའོ་མོན་སྐྱོང་བ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་དགོས་ངེས་ཀྱི་ནང་དོན་ཞིག་རེད། ཞང་ཀང་དང་ཨའོ་མོན་གྱི་འཐབ་ཕྱོགས་གཅིག་གྱུར་གྱིས་ངེས་པར་དུ་རྒྱལ་ཁབ་ལ་དགའ་བ་དང་། ཞང་ཀང་ལ་དགའ་བ། ཨའོ་མོན་ལ་དགའ་བའི་སྟོབས་ཤུགས་འཛུགས་སྐྲུན་བྱེད་རྒྱུ་དེ་སྲོག་ཤིང་དང་རྨང་གཞིར་བྱེད་དགོས་པ་མ་ཟད། དེ་ཉིད་མུ་མཐུད་དུ་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ལ་དགའ་བ་དང་། ཞང་ཀང་ལ་དགའ་བ། ཨའོ་མོན་ལ་དགའ་བའི་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ན། ལྷག་པར་དུ་ན་གཞོན་རྒྱལ་གཅེས་པའི་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བར་སེམས་ཁུར་བྱེད་དགོས།

གསུམ་པ། ངེས་པར་དུ“ཚོན་མདངས་སྣ་ཚོགས”རྒྱུན་འཁྱོངས་བྱེད་དགོས་པ་ལས་“ཁ་དོག་སྣ་གཅིག”ལྟ་བུ་བྱེད་མི་རུང་། རྒྱལ་ཁབ་ལ་དགའ་བ་དང་། ཞང་ཀང་ལ་དགའ་བ། ཨའོ་མོན་ལ་དགའ་བའི་དར་ཆའི་འོག མུ་མཐུད་དུ་མཐུན་སྒྲིལ་རྒྱ་ཆེ་རུ་གཏོང་བ་དང་། ཁོང་ཡངས་རང་བཞིན་མཐོར་འདེགས་གཏོང་བ། གཅིག་བསྡུས་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། གྲོགས་པོ་མང་པོ་སྒྲིག་པ། ཚད་ཆེས་མཐོ་བའི་སྒོ་ནས་ཆབ་སྲིད་ཀྱི་ཁོང་ཡངས་དང་རྒྱུ་མང་གི་མཚམས་ཚད་ཇེ་རིང་དུ་གཏོང་དགོས་ལ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གོམ་སྟབས་བརྟན་པོ་དང་། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་འཇགས་ཡོང་བ། ཞང་ཀང་དང་ཨའོ་མོན་སྤུན་ཟླས་མཛེས་སྡུག་འཚོ་བར་རེ་སྙེག་བྱེད་པའི་ཞང་ཀང་དང་ཨའོ་མོན་གྱི་གཞི་རྩའི་ཁེ་ཕན་དང་འཚམ་པའིལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་ཤིག་འབྲི་དགོས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ཁྲོད“ཞང་ཀང་སྡོད་དམངས་ཀྱིས་ལས་རིགས་གང་ཞིག་གཉེར་བ་དང་འདུ་ཤེས་གང་ཞིག་ལ་བརྩི་སྲུང་བྱས་རུང་། ལྷག་བསམ་རྣམ་དག་གིས‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཀྱི་བྱེད་ཕྱོགས་ལ་བརྩི་བཀུར་བྱེད་པ་དང་། ཞང་ཀང་གི་ཁྱིམ་གཞི་འདི་ལ་དགའ་བ། གཞི་རྩའི་བཅའ་ཁྲིམས་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ་ཚང་མ་ཞང་ཀང་འཛུགས་སྐྲུན་བྱེད་མཁན་བཟང་པོ་ཡིན་པས། ཚང་མས་ནུས་ཤུགས་དང་བྱས་རྗེས་བཞག་ཆོག”ཅེས་གསལ་བོར་བསྟན་ཡོད། ཞང་ཀང་དང་ཨའོ་མོན་གྱི་མི་སྣ་སུ་ཞིག་ཡིན་རུང་། ཏང་ཁག་གང་འདྲ་ཞིག་དང་ཕྱོགས་ཁག་གང་འདྲ་ཞིག་ལ་གཏོགས་པ་དང་། ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་ཅི་ཞིག་ཡོད་རུང་། མེས་རྒྱལ་ལ་དགའ་བ་དང་། ཞང་ཀང་དང་ཨའོ་མོན་ལ་དགའ་བ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པ་ཚང་མ་ཞང་ཀང་དང་ཨའོ་མོན་འཛུགས་སྐྲུན་བྱེད་མཁན་གྱི་སྟོབས་ཤུགས་ཆེན་པོ་ཡིན་པས། ངེས་པར་དུ་ལག་གདང་སྦྲེལ་ནས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་སྐྲུན་དགོས།

བཞི་བ། ཐའེ་ཝན་སྤུན་ཟླ་དང་ཕྱི་སྡོད་རང་མི་སྔར་ལས་མང་པོའི་ཁས་ལེན་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས། ཐའེ་ཝན་སྤུན་ཟླ་དང་། ཕྱི་སྡོད་རང་མི་མང་པོ་ཞིག་ཞང་ཀང་དང་ཨའོ་མོན་བར་ལ་འབྲེལ་བ་ཟབ་མོ་ཡོད། ཀྲུང་ཧྭའི་བུ་བུ་མོ་ཡིན་པའི་ངོས་ནས། ཁོ་ཚོས་ཞང་ཀང་དང་ཨའོ་མོན་གྱི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་ཁས་ལེན་དང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་དང་མི་རིགས་གཅིག་ཁས་ལེན་བྱས་ཚེ། ཁོ་ཚོ་ཚང་མ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་གི་སྟོབས་ཤུགས་ཆེན་པོ་ཡིན་ལ། ང་ཚོ་མཐུན་སྒྲིལ་མཉམ་ལས་བྱ་ཡུལ་ཞིག་ཀྱང་ཡིན།

ལྔ་བ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བདེ་བླག་ངང་ལག་བསྟར་བྱས་པའི་གཏམ་རྒྱུད་ལེགས་པར་འཆད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཡོད་པ་ཤེས་རྟོགས་དང་རྒྱབ་སྐྱོར་ཐོབ་རྒྱུ་རྒྱ་ཆེར་བརྩོན་ལེན་བྱེད་དགོས།  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བདེ་བླག་ངང་ལག་བསྟར་བྱེད་ཐུབ་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་ཁ་འབྲལ་ཐབས་མེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ཁྲོད“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་རྒྱབ་སྐྱོར་དང་ཞང་ཀང་གི་དར་རྒྱས་བརྟན་འཇགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོགས་པོ་ཚང་མར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས། 2019ལོར་ཞང་ཀང་དུ“སྟོབས་ཤུགས་ངན་པས” ཆབ་སྲིད་ཀྱི་མནར་གཅོད་བཏང་བས། ཞང་ཀང་དང་ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་ཐེབས་པ་མ་ཟད། རྒྱལ་ཁབ་སོ་སོའི་ཞང་ཀང་དུ་ཡོད་པའི་ཁེ་ཕན་ལའང་གནོད་འཚེ་ཐེབས་པ་དང་། རྒྱལ་ཁབ་སོ་སོའི་མ་དངུལ་འཇོག་མཁན་དང་ཞང་ཀང་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་སྡོད་དམངས་ཀྱི་དངོས་ཡོད་ཁེ་ཕན་ལའང་གནོད་པ་ཐེབས། ཞང་ཀང་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོས་དཔལ་འབྱོར་དང་། དངུལ་རྩ། ཉོ་ཚོང་སྤེལ་རེས་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལས་ཐོབ་པའི་ཁེ་སྤོགས་དང་གོ་སྐབས་མུ་མཐུད་ལོངས་སྤྱོད་བྱེད་འདོད་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་འབྲེལ་ཡོད་ཕྱོགས་སོ་སོའི་ཆེས་ཆེ་བའི་ཐུན་མོང་ངོས་འཛིན་དང་མཐུན་ཆ་ཆེ་ཤོས་ཡིན་པ་དང་། ཚང་མ་ཕན་པ་ཐོབ་མཁན་ཡིན་པས། ཚང་མ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་བྱས་རྗེས་འཇོག་མཁན་དང་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་འགྱུར་བར་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།