དྲི་བ་གོ་བཞི་བ་སྟེ། དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.07.11 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 4

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་དོན་འཁྱོལ་བྱེད་རྒྱུ་རྒྱུན་འཁྱོངས་དང་། ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་པོར་འཛིན་པ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་མོར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས”ཞེས་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངོགས་གཉིས་ཀྱི་འབྲེལ་བའི་དུས་རབས་ཀྱི་འགྱུར་ལྡོག་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཐའེ་ཝན་ལས་དོན་ཐད་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་བ། སྲིད་ཇུས་གལ་ཆེན་བཅས་ཀྱི་འདོད་ཚུལ་རབ་དང་རིམ་པ་བཏོན་པ་དང་། རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཞིང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ཞིག་ཆགས་པར་བྱས་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་དང་མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་བ་ཡིན་ཞིང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་འཕེལ་རིམ་ཁྲོད་དུ་མེས་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་པའི་དུས་རབས་ཀྱི་བརྗོད་གཞིར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ་དང་། དེ་ལ་ལོ་རྒྱུས་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་པས། དུས་རབས་གསར་པར་ཐའེ་ཝན་ལས་དོན་ལ་གཞི་རྩའི་བརྩི་སྲུང་དང་བྱ་སྤྱོད་ཀྱི་རྩ་འཛིན་འདོན་སྤྲོད་བྱས་ཡོད།

དང་པོ། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལྡོག་ཏུ་མེད་པའི་བླང་བྱ་ཞིག་ཡིན་པས། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ཀྱང་བཀག་འགོག་བྱེད་ཐབས་མེད། ཐའེ་ཝན་གྱི་གནད་དོན་ནི་མི་རིགས་ཉམས་ཞན་དང་ཟང་ཟིང་དུ་གྱུར་པ་ལས་བྱུང་བ་ཡིན་པས། མི་རིགས་བསྐྱར་དར་བྱུང་བ་དང་བསྟུན་ནས་ཐག་གཅོད་བྱེད་ངེས་རེད། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་ལས་ཉེ་བ་དང་། སྔར་ལས་ཡིད་ཆེས་དང་ནུས་པ་ཡོད་ལ། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་ལས་ཐག་ཉེ་བ་དང་། སྔར་ལས་ཡིད་ཆེས་དང་ནུས་པ་ལྡན་ཞིང་། མེས་རྒྱལ་གཅིག་གྱུར་བྱ་རྒྱུ་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན་པས། དུས་ཚོད་དང་། གནས་བབ། དྲང་བདེན་བཅས་ཚང་མས་ཀྲུང་གོ་ཡོངས་སུ་གཅིག་གྱུར་ཡོང་བར་བྱེད་པའི་སྟོབས་ཤུགས་ཀྱི་ཕྱོགས་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད།

གཉིས་པ།“ཞི་བདེ་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱ་རྒྱུ་ནི་ང་ཚོས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ཡིན་ལ། ངོགས་གཉིས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པའི་བྱེད་ཐབས་ཡག་ཤོས་ཀྱང་ཡིན་པས། ཐའེ་ཝན་སྤུན་ཟླ་ནང་དུ་ཚུད་པའི་ཀྲུང་ཧྭ་མི་རིགས་ཡོངས་ཀྱི་ཁེ་ཕན་དང་མཐུན་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་གདམ་ག་དང་པོ་ཡིན། འདིས་ཐའེ་ཝན་གྱི་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱས་ཡོད་ལ། གཅིག་གྱུར་བྱས་རྗེས་ཐའེ་ཝན་ཡུན་རིང་བདེ་འགོད་ཡོང་བར་ཡང་ཕན་ཐོགས་ཡོད། བྱེ་བྲག་གི་མངོན་འགྱུར་བྱེད་སྟངས་གྱིས་ཐའེ་ཝན་གྱི་དོན་དངོས་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱེད་ངེས་པ་དང་། ངོགས་གཉིས་ཀྱི་ལས་རིགས་སོ་སོའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་གང་ལེགས་བྱེད་ཅིང་། ཐའེ་ཝན་སྤུན་ཟླའི་ཁེ་ཕན་དང་བརྩེ་འདང་ལ་ལྟ་སྐྱོང་གང་ལེགས་བྱེད་ངེས་རེད། ང་ཚོས་ལྷག་བསམ་ཆེན་པོ་དང་འབད་བརྩོན་ཆེན་པོའི་སྒོ་ནས་ཞི་བདེ་གཅིག་གྱུར་གྱི་མདུན་ལམ་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་དང་། “ལམ་ལུགས་གཉིས”ཀྱི་ཐའེ་ཝན་ཇུས་གཞི་འཚོལ་ཞིབ་དང་དོན་གཉེར་བྱས་ཏེ། ཞི་བདེ་གཅིག་གྱུར་ལ་བར་སྟོང་རྒྱ་ཆེན་པོ་བསྐྲུན་དགོས།

གསུམ་པ།   ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ལོའི་ཐུན་མོང་ལྟ་བ”རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་ནི་ངོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“གོ་གཉིས་ལོའི་ཐུན་མོང་ལྟ་བ”ཡིས་ངོགས་གཉིས་ཀྱི་འབྲེལ་བའི་གཞི་རྩའི་ངོ་བོ་གཏན་འཁེལ་གསལ་པོ་བྱས་ཡོད་པ་དང་། དེའི་སྲོག་ཤིང་ནི་ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་། མཉམ་དུ་རྒྱལ་ཁབ་གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་དགོས། དེའི་རྨང་གཞིའི་སྟེང་། ང་ཚོས་ཐའེ་ཝན་གྱི་ཏང་ཁག་སོ་སོ་དང་། ལས་རིགས་སོ་སོ། རིམ་གྲས་སོ་སོའི་མི་སྣས་ངོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་ཁབ་གཅིག་གྱུར་གྱི་ཐད་གྲོས་མོལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།“གོ་གཉིས་ལོའི་ཐུན་མོང་ལྟ་བ”དང་དེའི་སྲོག་ཤིང་དོན་སྙིང་གང་རུང་འཁྱོག་བཤད་དང་། ཁས་མི་ལེན་པ། དམའ་འབེབས་བྱེད་པ་ཚང་མར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།

བཞི་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་གཏོང་བའི་བགྲོད་ལམ་རྒྱུན་འཁྱོངས་དང་། ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་རྨང་གཞི་གཏིང་ཟབ་སྒོས་སྲ་བརྟན་དུ་བཏང་སྟེ། འབྲེལ་ཡོད་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་མུ་མཐུད་འཐུས་ཚང་དུ་གཏོང་དགོས། ཐའེ་ཝན་སྤུན་ཟླར་བརྩི་འཇོག་དང་། སེམས་ཁུར། བདེ་སྐྱིད་སྐྲུན་ནས་ངོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཐའེ་ཝན་སྤུན་ཟླར་སྐམ་ས་ཆེན་མོ་རུ་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་ལོངས་སྤྱོད་བྱེད་དུ་འཇུག་པ། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཐའེ་ཝན་སྤུན་ཟླར་བདེ་སྐྱིད་སྐྲུན་པའི་ལམ་ལུགས་དང་སྲིད་ཇུས་ཇེ་མང་དང་འཐུས་ཚང་དུ་གཏོང་བ། འདྲ་མཉམ་གྱི་ཐོབ་ཐང་རིམ་བཞིན་དོན་འཁྱོལ་བྱེད་པ། སྤུན་ཟླའི་བརྩེ་སེམས་དང་བདེ་སྐྱིད་ཆེ་རུ་གཏོང་བ། ངོགས་གཉིས་ཀྱིས་མཉམ་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་ཏུ་གཏོང་བ། ཞི་བདེ་གཅིག་གྱུར་གྱི་རྨང་གཞི་བརྟན་པོ་སྐྱེད་བསྲིང་བྱེད་དགོས།

ལྔ་བ། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་དང་“ཐའེ་ཝན་རང་བཙན”གྱི་ཁ་བྲལ་ལྐོག་ཇུས་བློ་ཐག་རྦད་ཆོད་ཀྱིས་རྡུལ་དུ་བརླག་དགོས། ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན་པ་དང་། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་གང་ཡང་བྱེད་མི་རུང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས“ཐའེ་ཝན་གྱི་མིང་གཡོར་བར”མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་ནི་མེས་རྒྱལ་གཅིག་གྱུར་གྱི་ཆེས་ཆེ་བའི་འགོག་རྐྱེན་ཡིན། མི་སུ་ཞིག་དང་། རྩ་འཛུགས་གང་ཞིག སྲིད་ཏང་གང་ཞིག་ཡིན་རུང་། དུས་སྐབས་གང་ཞིག་དང་། རྣམ་པ་གང་ཞིག་གི་ལམ་ནས་ཀྱང་ཐའེ་ཝན་ཀྲུང་གོ་ནས་ཁ་བྲལ་དུ་གཏན་ནས་འཇུག་མི་སྲིད། “ཐའེ་ཝན་རང་བཙན”གྱི་ངན་རེངས་པར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་།“ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་བར་སྟོང་གང་ཡང་བསྐྱུར་མི་རུང་། ང་ཚོས་དྲག་ཤུགས་མི་སྤྱོད་པ་དང་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱོད་རྒྱུའི་ཁས་ལེན་གཏན་ནས་བྱེད་མི་སྲིད། དེ་ནི་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པ་དང་།“ཐའེ་ཝན་རང་བཙན”གྱི་ཁ་བྲལ་པ་དང་ཁ་བྲལ་བྱ་འགུལ་སྤེལ་མཁན་ཉུང་ཤས་ལ་དམིགས་པ་ཞིག་ཡིན་པ་ལས་རྒྱ་ཆེའི་ཐའེ་ཝན་སྤུན་ཟླར་དམིགས་པ་ཞིག་གཏན་ནས་མིན་པས། དེ་ནི་འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་འོག་གི་ཆེས་མཐའ་མཇུག་གི་གདམ་ག་ཞིག་རེད། ཞི་བདེའི་རྣམ་པ་མིན་པ་དང་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤྱད་ནས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པ་དང་“ཐའེ་ཝན་རང་བཙན”གྱི་དོན་རྐྱེན་ཆེན་པོར་ཁ་གཏད་འཇལ་བའི་གྲ་སྒྲིག་གང་ལེགས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་དམིགས་ཡུལ་ནི་རྩ་བའི་ཐོག་ནས་མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བའི་མདུན་ལྗོངས་ལ་སྲུང་སྐྱོང་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཞིག་རེད།

དྲུག་པ། ཐའེ་ཝན་སྤུན་ཟླའི་བར་མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་ཡོང་བར་བྱེད་དགོས། ཐའེ་ཝན་གྱི་མདུན་ལམ་ནི་རྒྱལ་ཁབ་གཅིག་གྱུར་ལ་ཐུག་ཡོད་པ་དང་། ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་ནི་མི་རིགས་བསྐྱར་དར་ལ་འབྲེལ་ཡོད། ཀྲུང་གོའི་ཕུགས་འདུན་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཕུགས་འདུན་ཡིན་པ་དང་། དེ་དང་མཚུངས་པར་ཐའེ་ཝན་སྤུན་ཟླས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ཞིག་ཀྱང་རེད། ང་ཚོས“ངོགས་གཉིས་ཁྱིམ་ཚང་གཅིག”ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་སྐམ་ས་ཆེན་མོའི་མི་དམངས་ལ་ཞབས་འདེགས་ཞུ་བ་ལྟར་ཐའེ་ཝན་སྤུན་ཟླར་བདེ་སྐྱིད་བསྐྲུན་རྒྱུ་ཡིན། ཐའེ་ཝན་སྤུན་ཟླས་གཅིག་གྱུར་ཡོང་ན་གཞི་ནས་བདེ་སྐྱིད་ལྡན་པ་དང་། དེ་ནི་ཐའེ་ཝན་གྱི་ཆེས་མཐའ་མཇུག་གི་ལམ་ཡིན་པར་ངོས་འཛིན་ཟབ་མོ་བྱས་ཏེ།“ཐའེ་ཝན་རང་བཙན”ནི་ཆག་སྒོ་ཞིག་དང་། ཐར་ས་མེད་པའི་ལམ་ཞིག་ཡིན་ཞིང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་། མི་རིགས་ཀྱི་བདེན་དོན་བརྟན་སྲུང་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ནང་ཧུར་ཐག་གིས་ཞུགས་རྒྱུའི་རེ་བ་བྱེད་བཞིན་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།