དྲི་བ་གོ་དྲུག འཛམ་གླིང་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོ་རུ་ལངས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.07.11 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 9

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“དེང་སྐབས། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་བྱེད་ཐབས་ཐོག་ནས་སྤེལ་བཞིན་ཡོད། ཕྱོགས་གཅིག་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་འགོག་ཐབས་མེད་པ་དང་། མི་སེམས་གཏད་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཀྱིས་མིའི་རིགས་ཀྱི་མདུན་ལམ་འོད་ཟེར་ལྡན་མིན་ཐག་གཅོད་བྱས་ཡོད། ཕྱོགས་གཞན་ཞིག་ནས། བཙན་པོའི་རྒྱབ་བརྟེན་དང་བཙན་འཕྲོག རྒྱལ་ཕམ་གྱི་འགྲན་རྩོད་སོགས་བཙན་དབང་དང་བཙན་པོའི་བྱ་སྤྱོད་ཀྱིས་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག  བཅོས་སྐྱོང་གི་མཚལ་ཡིག་བཅས་ཇེ་མང་དུ་སོང་བས། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མ་མྱོང་པའི་འགྲན་སློང་དང་འཕྲད་ཡོད། འཛམ་གླིང་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོ་རུ་ལངས་པ་དང་། གར་འགྲོ་འདི་འགྲོ་ཡང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་གདམ་གར་རག་ལས་ཡོད”ཅེས་བསྟན་ཡོད། རྣམ་བཤད་གལ་ཆེན་དེ་ནི་ང་ཚོའི་ཏང་གིས་དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་ལ་གཞི་རྩའི་བརྡར་ཤ་བཅད་པ་ཞིག་ཡིན་ཞིང་། འཛམ་གླིང་གི་གནས་སྟངས་དང་དེའི་རིམ་འགྱུར་གྱི་ལོ་རྒྱུས་ལྟ་བ་དང་། སྤྱི་ཁོག་གི་ལྟ་བ། འཁྲབ་བྱའི་ལྟ་བ་བཅས་མཚོན་པ་དང་། དེ་ནི་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་དང་རྒྱལ་སྤྱིའི་འདོད་ཚུལ་ལ་གོ་བ་ལེན་པའི་རྨང་གཞི་རེད།

དང་པོ། རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་འགྱུར་བ་དང་འདྲེས་མར་གནས་པའི་གཞི་རྩའི་ཁྱད་ཆོས་ལ་ངོས་འཛིན་གཏིང་ཟབ་དང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱ་དགོས། དེང་སྐབས་ཀྱི་འཛམ་གླིང་འདི་སྔར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད། འཛམ་གླིང་ཡོངས་ལ་བལྟས་ཚེ། པྲོག་གསར་གློ་ཚད་ཀྱི་རིམས་ནད་རྒྱུན་མཐུད་ངང་མཆེད་བཞིན་ཡོད་པ་དང་། གདོང་ཐུག་དམག་འཁྲུག་ལངས་ནས་བུའུ་ཁི་ལན་གྱི་ཉམས་ཉེན་ཡུན་རིང་ཐག་གཅོད་བྱེད་དཀའ་བ། ཐལ་དྲགས་ནམ་ཟླའི་འཛམ་གླིང་ཡོངས་ལ་གནོད་པ་ཐེབས་པ་དང་། “ངང་བ་ནག་པོ”དང“བསེ་རུ་སྐྱ་བོའི”དོན་རྐྱེན་ཡང་ཡང་འབྱུང་བཞིན་ཡོད། རྒྱལ་སྤྱིའི་ཐོན་ལས་འབྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་ཉམས་ཉེན་མང་པོར་འཕྲད་ཡོད། འབྲུ་རིགས་ཉམས་ཉེན་དང་ནུས་རྒྱུའི་ཉམས་ཉེན། དངུལ་ལོར་ཚོད་མེད་དུ་བཀྲམ་པ་བཅས་ཀྱིས་འཛམ་གླིང་ཐོག་གནད་དོན་མང་པོ་ཐོན་གྱིན་ཡོད། གཏིང་ཟབ་སར་བལྟས་ན། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་རྣམ་ཤེས་ཡལ་བ་མེད་པ་དང་། ས་འབྲེལ་ཆབ་སྲིད་ལ་འཐབ་རྩོད་བྱེད་ཤུགས་ཆེ་རུ་ཕྱིན་པ། དམངས་འདོད་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ཀྱི་མགོ་འདེགས་བཞིན་ཡོད་ལ། རྒྱལ་སྤྱིའི་མཐུན་སྦྱོར་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་ཐུབ་ཀྱིན་མེད་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་རྒྱུན་ཆད་མེད་པར་ཐོན་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མཚལ་ཡིག་ཉིན་བཞིན་ཛ་དྲག་ཏུ་སོང་བ་བཅས་དང་། འབྱུང་རྩ་ནས་བལྟས་ན། འཛམ་གླིང་ཐོག་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཨ་རི་ལ་མཚོན་ན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དགོས་མཁོ་ཆེས་ཆེར་འཕར་བའི་གནས་ཚུལ་འོག་ལས་གནས་སྟོང་པར་ལུས་པ་ཚབས་ཆེན་ཡིན་པ་མ་ཟད། དེའི་ཕྱོགས་རྐྱང་པའི་བཙན་དབང་གིས་ཐབས་ངན་གང་ཡོད་སྤྱོད་པ་དང་གང་བྱེད་དེ་སྤྱོད་མི་བྱེད་པར། གང་སར་ཕྱོགས་ཁག་སྒྲིག་པ་དང་རྩོད་གཞི་བསླངས་ནས་དེང་སྐབས་འཛམ་གླིང་ཐོག་ཟང་ཟིང་གི་འབྱུང་ཁུངས་དང་རྙོག་དྲ་བཟོ་མཁན་ཆེ་ཤོས་སུ་གྱུར་ཡོད།

གཉིས་པ། དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་རིང་གི་འཛམ་གླིང་ཟང་ཟིང་གི་འཕོ་འགྱུར་ལ་རྩོད་སྒྲུབ་དང་མཐུན་པའི་སྒོ་ནས་ལྟ་སྟངས་འཛིན་དགོས། གནད་དོན་རྙོག་འཛིང་ཆེ་བ་དང་རེ་བར་འགྱུར་ལྡོག་ཡོད་ལ། བྱེ་བྲག་ཏུ་གནད་དོན་ལ་བལྟ་དགོས་པ་དང་། ཁྱོན་ཡོངས་དང་ཆེ་ཕྱོགས་ལ་བལྟ་དགོས། མིག་སྔར་དཀའ་གནད་མང་པོ་ཡོད་ཀྱང་རྒྱང་རིང་གི་འཕེལ་རྒྱས་བསམ་དགོས། དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་དང་ཟང་ཟིང་ནི་དེའི་སྣང་ཚུལ་ཙམ་ཡིན་ཞིང་། དེའི་ངོ་བོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱིས་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལ་འགྱུར་ལྡོག་འབྱུང་བཞིན་པ། སྒྲིག་ལམ་རྙིང་པའི་གཞི་རྩར་གཡོ་འགུལ་ཐེབས་པ་དང་སྒྲིག་ལམ་གསར་པ་མྱུ་གུ་འབུས་པ་བཞིན་ཐོན་པ་བཅས་རེད། ཁྱོན་ཡོངས་དང་རྒྱང་རིང་ལ་བལྟས་ན། རྒྱལ་སྤྱིའི་སྟོབས་ཤུགས་ཀྱིས“ཤར་ཕྱོགས་བདེ་འཇགས་ཡིན་ལ་ནུབ་ཕྱོགས་ཟང་ཟིང་ཡིན་པ”དང་།“འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་རྒྱས་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་དམས་སུ་འགྲོ་བ”བཅས་ཁྱོན་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིབ་བསྡུར་བྱས་པ་དང་། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བ་ནི་ཁྱོན་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡིན་ལ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་། ཉོ་འཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བ་ནི་ཁྱོན་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ། ཐུན་མོང་བདེ་འཇགས་དང་། ཕྱོགས་བསྡུས་བདེ་འཇགས། མཉམ་ལས་བདེ་འཇགས། རྒྱུན་མཐུད་བདེ་འཇགས་བཅས་ནི་ཁྱོན་ཡོངས་ཀྱི་གནས་བབ་ཆེན་པོ་ཞིག་ཡིན། དཔལ་ཡོན་མི་འདྲ་བའི་དཀྱེལ་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་གནས་མཉམ་དར་གྱི་སྤྱིའི་གནས་བབ་ཆེན་པོ་ཞིག་ཡིན། སྒྲིག་ལམ་རྙིང་པ་གང་ཞིག་ཡིན་རུང་དེའི་ཁེ་ཕན་ལེན་མཁན་ཡོད་པས། འཕེལ་ཕྱོགས་ཆེན་པོ་གང་ཞིག་ལའང་སྟོབས་ཤུགས་རྙིང་པས་བཀག་འགོག་དང་གཏོར་བརླག་གང་ཐུབ་བྱེད་སྲིད། བསྒྱུར་བཅོས་ནི་གཡོ་འགུལ་དང་འགྲོགས་ངེས་ཡིན། ཁྱོན་ཡོངས་ཀྱི་གནས་བབ་ཆེན་པོར་རྐང་བཙུགས་ཏེ་ང་ཚོས“མི་སེམས་གཏད་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཀྱིས་མིའི་རིགས་ཀྱི་མདུན་ལམ་འོད་སྟོང་ལྡན་པར་ཐག་གཅོད་བྱེད་པའི”དད་སེམས་ཇེ་བརྟན་དུ་གཏོང་དགོས། པྲོག་གསར་གློ་ཚད་རིམས་ནད་དང་བུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཀྱིས་རྒྱལ་སྤྱིའི་ཟང་ཟིང་གི་གནས་ཚུལ་ཚབས་ཆེར་བཏང་བ་དང་ཆབས་ཅིག་འཛམ་གླིང་གི་གནས་སྟངས་ལ་འཕོ་འགྱུར་བྱུང་བའི་འཕེལ་རིམ་ཡང་ཇེ་མགྱོགས་སུ་བཏང་ཡོད། འདི་ནི་གཞི་གཅིག་གི་ངོས་གཉིས་ཡིན་པས་རྩོད་སྒྲུབ་ཀྱིས་ངོས་འཛིན་བྱ་དགོས།

གསུམ་པ། ཐོག་མཐའ་བར་གསུམ་དུ་མིག་སྔའི་གདམ་ག་ལས་འཛམ་གླིང་གི་གནས་སྟངས་རིམ་འགྱུར་བྱུང་བ་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་གསལ་བོ་བྱེད་དགོས། རྒྱལ་ཁབ་སོ་སོའི་མི་དམངས་ནི་འཛམ་གླིང་ལོ་རྒྱུས་ཀྱི་མི་སྣ་གཙོ་བོ་ཡིན་པས། འཛམ་གླིང་ནི་མཐར་ཐུག་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་གདམ་ག་བྱས་པ་དང་དེ་ལས་གྲུབ་པའི་མཉམ་ཤུགས་ལ་རག་ལས་ཡོད། མིག་སྔའི་གནས་བབ་འོག འཛམ་གླིང་ལ་སླར་ཡང་ཞི་བདེ་ཡིན་ནམ་ཡང་ན་དམག་འཁྲུག་ཡིན་པ་དང་། སྒོ་འབྱེད་ཡིན་ནམ་ཡང་ན་བཀག་སྡོམ་ཡིན་པ། ཕྱོགས་མང་རིང་ལུགས་ཡིན་ནམ་ཡང་ན་ཕྱོགས་རྐྱང་རིང་ལུགས་ཡིན་པ། མཉམ་ལས་གཉིས་ཕན་ཡིན་ནམ་ཡང་ན་འཇམ་འཐབ་ཀྱི་ཁ་གཏད་སོགས་ལོ་རྒྱུས་རང་བཞིན་གྱི་གདམ་ག་ཆེན་པོར་འཕྲད་ཡོད། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་འཕོ་འགྱུར་ཆེ་བའི་འཛམ་གླིང་འདིའི་ཁྲོད་རང་ཉིད་འཕེལ་རྒྱས་གཏོང་དགོས་ལ། འཛམ་གླིང་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་དྲང་ནུས་ཆེ་ཤོས་ཀྱང་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་དང་། སྣེ་མང་ཅན་གྱི་འཛམ་གླིང་འཛུགས་སྐྲུན། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན། བདེ་འཇགས་ཀྱི་ལྟ་བ་གསར་པ་ལག་བསྟར་བྱེད་པ། རྒྱལ་ཁབ་སོ་སོའི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱས་ཏེ། གནམ་གཤིས་ཀྱི་འགྱུར་བར་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་བ་དང་། ལྗང་མདོག་ཐཱན་ཉུང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ལམ་བུར་སྐྱོད་པ་བཅས་བྱ་རྒྱུ་ཡིན། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། མནའ་འབྲེལ་གྱི་འགྲན་རྒོལ་དང་གཞན་འབུད་རང་བཞིན་གྱི་འཁོར་རྒྱ་ཆུང་ངུ་ལ་ངོ་རྒོལ་བྱེད་པ། རྒྱལ་ཁབ་གཞན་ལ“ཚོས་གཞིའི་གསར་བརྗེ”དང“དམངས་གཙོའི་ཕྱིར་གཏོང”བྱེད་པར་ངོ་རྒོལ་བྱེད་པ།“ལྗང་མདོག་བཀག་རྒྱ”ལ་བརྟེན་ནས་རྒྱལ་ཁབ་གཞན་ལ་འཕེལ་རྒྱས་ཀྱི་བཀག་རྒྱ་ཐེབས་པ་དང་ཚད་གཞི་ཉིས་བརྩེགས་འཛིན་པར་ངོ་རྒོལ་བཅས་བྱེད་དགོས།

མདོར་ན། འཕོ་འགྱུར་ཆེ་བའི་འཛམ་གླིང་ལ་ཁ་ཕྱོགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་ལྟར།“ང་ཚོས་རང་ཉིད་ཀྱི་འཕེལ་རྒྱས་དང་ཕྱི་རོལ་ཁོར་ཡུག་གི་མཉམ་འགུལ་འགྱུར་ལྡོག་ལ་ངོས་འཛིན་དང་དམ་འཛིན་བྱེད་པ་དང་། གོ་སྐབས་གསར་པ་འཛིན་པ། གནས་བབ་གསར་པ་གཏན་འཁེལ་བྱེད་པ། ཁྱད་སྟོབས་གསར་པ་བསྐྲུན་པ་བཅས་བྱེད་དགོས།”

ཡིག་སྒྱུར་བ། ཤ་བོ་རིན་མཚོ།