མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་འབྲེལ་བའི་ཁྲོད་སྲུབ་སྐྱོབ་རིང་ལུགས་དར་ཁྱབ་ཆེ་བ་དང་། བཙན་ཤུགས་དང་དབང་ཤེད་ཅན་གྱི་བྱ་སྤྱོད་འཕེལ་བ། སྲིད་ཇུས་མཐུན་སྦྱོར་ཉིན་རེ་བཞིན་དཀའ་ཚེགས་ཆེ་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རྣམ་པ་ཞན་པ་ཚབས་ཆེ་བ་བཅས་ཀྱི་ཛ་དྲག་གི་གནས་བབ་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“འཕེལ་རྒྱས་ལ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་མཉམ་དུ་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་མཉམ་དུ་སྐྱེད་སྲིང་བྱེད་དགོས”ཞེས་ནན་ཏན་སྒོས་ཁྱབ་བསྒྲགས་གནང་། རྣམ་བཤད་གལ་ཆེན་འདིས་རང་རྒྱལ་གྱིས་སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་ཐོག་མཐའ་བར་གསུམ་གྱི་འདོད་བློ་མཚོན་པ་དང་། འབྲུ་རིགས་ཀྱི་ཉམས་ཉེན་དང་། ནུས་ཁུངས་ཉམས་ཉེན་གྱི་དཀའ་གནད། དཔལ་འབྱོར་འཕེལ་ཚད་དལ་བའི་ཉེན་ཁ་བཅས་ལ་འཕྲད་པའི་འཛམ་གླིང་གི་དཔལ་འབྱོར་ལ་ཡར་སྐུལ་གྱི་འོད་སྣང་ཞིག་སྦྱིན་པ་རེད།
ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ན་ཡར་ཐོན་ཡོང་བ་དང་བཀག་སྡོམ་བྱས་ན་རྗེས་ལུས་ཐེབས་ངེས་ཡིན། སྒོ་འབྱེད་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡིན། འཇམ་འཐབ་མཇུག་བསྒྲིལ་བ་ནས་བཟུང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་ཡིས་ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཇེ་ཆེར་བཏང་བ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་བཏང་ཞིང་། དེ་དང་མཉམ་དུ་རྒྱལ་ཁབ་སོ་སོའི་དཔལ་འབྱོར་གྲུབ་ཚུལ་དང་ཁེ་ཕན་ཆགས་སྟངས་ལ་ཡང་རྙོག་འཛིང་ཆེ་བའི་ཤུགས་རྐྱེན་བཟོས་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཁ་ཤས་ཀྱིས་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ནས་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་དང་མཉམ་ལས་ལ་འཛེམ་བག་མེད་པར་འགོག་རྐྱེན་བཟོས་ཏེ། ཕྱོགས་རྐྱང་རིང་ལུགས་དང་། དམངས་འདོད་རིང་ལུགས། སྲུང་སྐྱོབ་རིང་ལུགས་བཅས་ཀྱི་ལྡོག་རྒྱུན་ཞིག་བསླངས་བ་དང་། རྒྱལ་ཁབ་གཞན་པའི་ཐོན་ལས་དང་ཁེ་ལས་ལ་འཛེམ་བག་མེད་པར་མགོ་གནོན་པ། འབྲེལ་གཅོད་ཕྲེང་གཏུབ་དང་བཀག་རྒྱ་བཟོ་བ་བཅས་བྱས་ཏེ། རྒྱུན་ལྡན་གྱི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་དཀྲུག་པ་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་འཇིགས་སྐུལ་ཚབས་ཆེན་བཟོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། “དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་དངོས་གནས་གནད་དོན་གསར་པ་ཐོན་ཡོད་མོད། འོན་ཀྱང་ང་ཚོས་དེའི་ཐད་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་རྡུང་རྡེག་གཏོང་མི་རུང་བར། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འཚམ་པ་དང་དེར་ཁྲིད་སྟོན་ཡག་པོ་བྱེད་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཤུགས་རྐྱེན་ངན་པ་སེལ་ནས། དེ་ཉིད་རྒྱལ་ཁབ་དང་མི་རིགས་ཚང་མར་སྔར་ལས་ཕན་ཐོགས་པར་བྱེད་དགོས”། “ རྐང་བཙུགས་ནས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་གྱི་མ་རྩ་དང་། ལག་རྩལ། ཐོན་རྫས། ཐོན་ལས། མི་སྣ་བཅས་ཀྱི་འཁོར་རྒྱུགས་བཅད་ནས། འཛམ་གླིང་དཔལ་འབྱོར་གྱི་རྒྱ་མཚོ་ཆེན་པོ་དེ་ཁེར་རྐྱང་གི་མཚེའུ་ཆུང་ཆུང་དང་ཆུ་བོ་ཆུང་ཆུང་རེ་རེར་ཕྱིར་ལྡོག་བྱེད་དུ་འཇུག་འདོད་པ་དེ་ནི། ཡོང་ཐབས་མེད་པ་ཞིག་ཡིན་ལ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ཡང་མི་མཐུན་པ་རེད།
ཏང་གི་ཚོགས་ཆེན་ཐེངས་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ། ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་འདོན་སྤྲོད་བྱེད་པ། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་ཕན་ཐོགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། ལོ་ངོ40ལྷག་གི་རིང་ལ། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མཐོང་དཀོན་པའི་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད་པས། སྒོ་འབྱེད་འཕེལ་རྒྱས་ཀྱི་ཕན་ཁེ་ཐོབ་མཁན་ཞིག་ཡིན་ལ་སྒོ་འབྱེད་འཕེལ་རྒྱས་ཀྱི་སྲུང་སྐྱོང་ མཁན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་ཡང་ཡང་གནང་བ་བཞིན། ཀྲུང་གོས་སྒོ་འབྱེད་ཀྱི་སྒོ་མོ་རྒྱག་མི་སྲིད་པར་ཇི་ཙམ་ཕྱེ་ན་དེ་ཙམ་གྱིས་རྒྱ་ཆེ་རུ་འགྲོ་ངེས་ཡིན། ཉེ་བའི་ལོ་ཤས་རིང་སྒོ་འབྱེད་འཕེལ་རྒྱས་ཀྱི་ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ཨ་རིས་ཀྲུང་གོར་བཀག་འགོག་དང་པྲོག་གསར་རིམས་ནད་སོགས་རྒྱུ་རྐྱེན་ངན་པ་གློ་བུར་དུ་ཇེ་མང་དུ་ཕྱིན་མོད། འོན་ཀྱང་ཀྲུང་གོའི་སྒོ་འབྱེད་འཕེལ་རྒྱས་ཀྱི་འདོད་བློར་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་བཏང་མེད་པ་དང་། གོམ་སྟབས་ཐོག་མཐའ་བར་གསུམ་དུ་མཚམས་བཞག་མེད་པས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། རང་མོས་ཉོ་ཚོང་ཁུལ་གྱི་སྒོ་འབྱེད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུ་སོགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་མགྱོགས་མྱུར་ངང་འཕར་ཏེ2021ལོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་དྲུག་ལས་བརྒལ་བ་བཅས་བྱུང་ནས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་ཞིག་བརྩམས་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་གོས་དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་དུ་འགྱུར་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་དང་ས་ཁོངས། ཕྱོགས་མང་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ”།“སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་། ‘འགོག་ར་རྩིག་པ’དང‘འབྲེལ་གཅོད་ཕྲེང་གཏུབ’ལ་ངོ་རྒོལ། ཕྱོགས་རྐྱང་བཀག་སྡོམ་དང་གནོན་ཤུགས་མཐིལ་སྤྲོད་ལ་ངོ་རྒོལ””བཅས་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། 2008ལོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བྱུང་རྗེས། རྒྱལ་སྤྱིའི་ཉོ་ཚོང་གི་འཕར་ཚད་དུས་ཡུན་རིང་པོར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ལས་དམའ་བ་དེ། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་དང་འཕར་སྣོན་ཡོང་བར་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་དུ་གྱུར་ཡོད། དེའི་རྒྱབ་ཏུ་རྒྱལ་ཁབ་སོ་སོའི་སྲིད་ཇུས་ནང་ལ་ཕྱོགས་པའི་ཕྱོགས་ལྷུང་ཛ་དྲག་ཏུ་ཕྱིན་པ་དང་། སྲུང་སྐྱོབ་རིང་ལུགས་ཀྱི་མགོ་བོ་འདེགས་པ། ཕྱོགས་རྐྱང་རིང་ལུགས་དར་ཁྱབ་ཆེ་བ་སོགས་དང་འབྲེལ་བ་ཆེན་པོ་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་ཐོག་ནས། དུས་ནམ་ཞིག་ཉོ་ཚོང་ དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་བཏང་བ་བཟང་ན་དུས་ནམ་ཞིག་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་བདེ་བླག་ཡོང་ཐུབ་པ་ར་སྤྲོད་བྱུང་ཡོད། ད་ལྟ་ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་སྒུལ་ཤུགས་ཆེན་པོ་ཡིན་པས། ཕྱོགས་གཉིས་དང་། ས་ཁོངས། ཕྱོགས་མང་བཅས་ཀྱི་ཁྱབ་ཁོངས་ཀྱི་ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་ཧུར་ཐག་གིས་འཛུགས་བཞིན་ཡོད། 2022ལོའིཟླ1ཚེས1ཉིན་ནས་ལག་བསྟར་བྱས་པའི《ས་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པའི་འབྲེལ་བའི་གྲོས་མཐུན》(RcEP)ནང་མིག་སྔའི་འཛམ་གླིང་ཐོག་མི་གྲངས་ཆེས་མང་བ་དང་། དཔལ་འབྱོར་ཉོ་ཚོང་གི་གཞི་ཁྱོན་ཆེས་ཆེ་བ། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེས་ཆེ་བ་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་ཞིག་ཆགས་ཡོད། ང་ཚོས་དེ་དང་ཆབས་ཅིག་ད་དུང《ཕྱོགས་ཡོངས་ནས་ཞི་བདེ་རྒྱ་མཚོ་ལས་བརྒལ་བའི་གྲོགས་པོའི་འབྲེལ་བ་ཡར་ཐོན་ཡོང་བའི་གྲོས་མཐུན》(CPTPP)དང《 གཞི་གྲངས་དཔལ་འབྱོར་གྱི་གྲོགས་པོའི་འབྲེལ་བའི་གྲོས་མཐུན》(DEPA)སོགས་ཀྱི་ནང་ཞུགས་པའི་རེ་འདུན་ཡང་ཞུས་ཡོད། ཆེས་དགོད་བྲོ་བ་ཞིག་ནི། སྔོན་ཆད་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་དར་རྒྱས་ཆེ་བའི་རྒྱལ་ཁབ་རེ་གཉིས་ཀྱིས་ད་ལྟ་རང་ཉིད་ཀྱི་བཙན་དབང་ལ་སྲུང་སྐྱོབ་བྱེད་ཆེད། འཛེམ་བག་མེད་པར་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་དབྱུག་པ་ཕྱར་བ་དང་། ཕྱོགས་རྐྱང་བཀག་སྡོམ་བྱེད་པ་དང་ཐེ་གཏོགས་ཀྱི་ལག་པ་རིང་དུ་བསྲིང་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་ལམ་ལ་གནོད་པ་ཐེབས་པར་བྱས་པ་དེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཇིགས་སྐུལ་དང་འགོག་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད། ང་ཚོས་འཕེལ་རྒྱས་ལ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་མཉམ་དུ་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་མཉམ་དུ་སྐྱེད་སྲིང་བྱེད་པར། ངེས་པར་དུ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་ཆབ་སྲིད་ཀྱི་བྱེད་སྟངས་སྣ་ཚོགས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ཀྱི་ཐོན་ཁུངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ལྷོ་བྱང་བར་གྱི་ཧེ་བག་ཇེ་ཆུང་དུ་གཏོང་བར་ནུས་ཤུགས་འདོན་པ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་བློ་རྩ་བརྟན་པོས་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད”ཅེས་ནན་གྱིས་བསྟན་ཡོད། དུས་ཡུན་རིང་པོའི་ཚུན་ལ། ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིན་དོད་མེད་པའི་རོགས་སྐྱོར་དང་གཟིགས་སྐྱོང་དངུལ་བུན་འབོར་ཆེན་བཏང་བ་དང་། ལག་རྩལ་གྱི་རྒྱབ་སྐྱོར་དང་། མི་སྣའི་རྒྱབ་སྐྱོར། རིག་སྟོབས་ཀྱི་རྒྱབ་སྐྱོར་བཅས་འབོར་ཆེན་བྱས་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཀྱི་ལས་གཞི་འབོར་ཆེན་ཞིག་བསྐྲུན་ཡོད། པྲོག་གསར་རིམས་ནད་བྱུང་རྗེས། རང་རྒྱལ་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་བྲེལ་མྱུར་བྱ་སྤྱོད་སྤེལ་ནས། རྒྱལ་ཁབ་མང་པོ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དངོས་ཟོག་གི་རོགས་སྐྱོར་དང་། སྨན་བཅོས་ཀྱི་རྒྱབ་སྐྱོར། རིམས་འགོག་སྨན་ཁབ་ཀྱི་རོགས་སྐྱོར། མཉམ་ལས་བཅས་འདོན་སྤྲོད་བྱས་པ་དེ་ནི། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བུ་ལོན་དུས་འགྱངས་དང་བུ་ལོན་མེད་པར་བཏང་བའི་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། འདི་ལས་ཀྲུང་གོ་ནི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་འཛམ་གླིང་གི་འགན་འཁྲི་འཁུར་སེམས་གང་ལེགས་སྒོས་མཚོན་ཡོད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།