ཨ་བི་ཥའི་རྟེན་གཞིས་སྡེ་རོང་ཉི་མ་ལུང་བའི་མང་ཚོགས་ཕྱུག་པོར་བསྒྱུར།
2023.07.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 38

ཨ་བི་ཥའི་རྟེན་གཞིས་སྡེ་རོང་ཉི་མ་ལུང་བའི་མང་ཚོགས་ཕྱུག་པོར་བསྒྱུར།

—དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་ཉི་མ་ལུང་བ་གྲོང་རྡལ་ནགས་འབྲོག་སྡེ་བས་ཨ་བི་ཥའི་འདེབས་འཛུགས་རྟེན་གཞི་ལ་བརྟེན་ནས་མང་ཚོགས་ཕྱུག་པོར་བསྒྱུར།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་གིས་དམངས་ཕན་གྱི་ལས་གཞི་ལག་བསྟར་དངོས་འབེབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་ཆེད། སྡེ་རོང་རྫོང་ཉི་མ་ལུང་བ་གྲོང་རྡལ་ནགས་འབྲོག་སྡེ་བ་རུ་སྡེ་རོང་དམངས་ཕན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟི་ལ་ས་ཞིང་མུའུ་ལྔ་བརྒྱ་དང་ཉེར་གཉིས་འགན་ལེན་བྱེད་དུ་བཅུག་ནས། ཨ་བི་ཥ་སྟེ་པེ་མོ་འདེབས་འཛུགས་རྟེན་གཞི་ཞིག་བཙུགས་ཤིང་། ས་གནས་མང་ཚོགས་ཀྱིས་ཨ་བི་ཥའི་འདེབས་འཛུགས་ཀྱི་ལག་རྩལ་བསླབས་པ་དང་། ས་ཞིང་ཕྱིར་གླས་ཏེ་གླ་དངུལ་བླངས་པས། སྡེ་བའི་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་དགུ་བརྒྱ་དང་ཞེ་ལྔ་ལ་སླེབས་ནས།མང་ཚོགས་ཀྱི་ཡོང་འབབ་འཕར་ཞིང་བརྟན་ཆགས་ཀྱི་རྣམ་པ་མངོན་འདུག

ཉི་མ་ལུང་བ་གྲོང་རྡལ་གྱི་ཨ་བི་ཥའི་རྟེན་གཞི་རུ་ཚད་ལྡན་གྱི་འདེབས་འཛུགས་དྲོད་ཁང་བརྒྱ་དང་ང་དྲུག་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སུམ་སྟོང་བརྒྱད་བརྒྱ་ལྷག་འདུག  ཨ་བི་ཥའི་འདེབས་འཛུགས་རྟེན་གཞི་ཡི་དྲོད་ཁང་གཅིག་གི་ཆེ་ཆུང་ལ་སྨི་གྲུ་བཞི་མ་ཉིས་བརྒྱ་བཞི་བཅུ་ཡོད་པ་དང་། ལོ་བཞིའི་ནང་དུ་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་ལྔ་བཏང་ཞིང་། ཡོང་འབབ་སྒོར་འབུམ་གཉིས་དང་ཁྲི་ལྔ་ལེན་ཐུབ་ལ། ཁེ་སྤོགས་སྒོར་འབུམ་གཅིག་ལེན་ཐུབ། དྲོད་ཁང་བརྒྱ་དང་ང་དྲུག་ཡོད་པ་དེར་བསྡོམས་པས་སྒོར་བྱེ་བ་གསུམ་དང་ས་ཡ་དགུ་ཡོད། དེའི་ཞིབ་ཕྲའི་གནས་ཚུལ་སྐོར་ནས་ཨ་བི་ཥའི་རྟེན་གཞིའི་འགན་ཁུར་བ་ཀྲུའུ་ཧོང་ཧྭ་ཡིས་བཤད་རྒྱུར། “ང་ཚོའི་སྡེ་རོང་རྫོང་དམངས་ཕན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་འདིར་མཚོན་ན། 2020ལོར་གསར་དུ་བཙུགས་པ་ཡིན། སྲིད་གཞུང་གིས་ཚོང་འགུག་དངུལ་འདྲེན་བྱས་ཏེ། ཉི་མ་ལུང་གྲོང་རྡལ་ནགས་འབྲོག་སྡེ་བ་འདིར་ཀུང་སིས་ཕྱོགས་མང་པོ་ནས་ཞིབ་བཤེར་བྱས་ཏེ། ནགས་འབྲོག་སྡེ་བའི་ས་བབ་ཆ་རྐྱེན་ཨ་བི་ཥའམ་ཡང་ན་པེ་མོ་འདེབས་འཛུགས་བྱེད་པར་འཚམ། དེ་བས། ལོ་གསུམ་གྱི་རིང་དཀའ་སྤྱད་འབད་བརྩོན་བྱས་ཏེ། ཨ་བི་ཥའི་སྐྱེ་སྟོབས་ས་ཆ་གཞན་ལས་ལྡབ་འགྱུར་གྱིས་བཟང་། ད་དུང་ས་ཞིང་འཁོར་རྒྱུག་དང་ངལ་རྩོལ་གྱི་གླ་ཆས་ས་གནས་མང་ཚོགས་ལ་ཁེ་ཕན་གང་ལེགས་ཞིག་བསྐྲུན་ཐུབ་ལ། ང་ཚོའི་ཀུང་སིའི་ནང་དུ་ཡང་སྡེ་བའི་མང་ཚོགས་མང་པོ་ཡོད།

ཉི་མ་ལུང་བས་འདེབས་འཛུགས་བྱེད་བཞིན་པའི་པེ་མོ་ཞེས་པ་དེ་ནི་ས་གནས་མང་ཚོགས་ཀྱིས་ཡོངས་ཁྱབ་ཀྱི་འབོད་སྟངས་ཤིག་ཡིན་མོད། བོད་ལུགས་གསོ་རིག་གི་གཞུང་དུ་ཨ་བི་ཥ་ཞེས་འབོད། ཨ་བི་ཥ་ནི་གློ་ནད་ལ་ཕན་པའི་རྩྭ་སྨན་རིགས་ཤིག་སྟེ། སྨན་རྩྭ་འདི་འདེབས་འཛུགས་བྱས་ཏེ་ཁྲོམ་ར་ལ་བཙོང་ན། སྨན་རྫས་ཀུང་ཟི་དང་མི་སྒེར་སོགས་ཀྱི་ཁྲོམ་ར་རྒྱ་ཆེ་བ་མ་ཟད། ཡོང་འབབ་ཀྱང་ཆེན་པོ་ལེན་ཐུབ་བཞིན་ཡོད། དེ་བས་ས་གནས་མང་ཚོགས་ཀྱིས་ཨ་བི་ཥའི་འདེབས་འཛུགས་རྟེན་གཞིའི་རེ་བ་ལྟར་ཨ་བི་ཥ་འདེབས་འཛུགས་ཀྱི་ལག་རྩལ་སྦྱངས་ཏེ། རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཁྱིམ་ཚང་གི་སྒོ་ཁ་ནས་ཡོང་སྒོ་བཙལ་ཐུབ་པར་གྱུར། ནགས་འབྲོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་དགའ་ཚུལ་ཁྲིམས་ཀྱིས་བཤད་རྒྱུར། “2020ལོར། ང་ཚོའི་སྡེ་བའི་ནང་དུ་པེ་མོའི་རྟེན་གཞི་བཙུགས། རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་དང་། རྫོང་དམངས་ཕན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་སྣེ་ཁྲིད་བྱས་ཏེ། ས་ཞིང་མུའུ་ལྔ་བརྒྱ་བཞི་བཅུ་ལྷག་འཁོར་རྒྱུག་བྱས་པ་དང་། ལོ་ལྔའི་རིང་ས་མུའུ་རེར་སྒོར་བརྒྱད་བརྒྱ་དང་དེའི་རྗེས་ནས་གླ་རིན་བརྒྱ་ཆའི་ཉི་ཤུ་ཇེ་མཐོར་གཏོང་རྒྱུའི་གན་རྒྱ་བཞག་ཡོད། པེ་མོའི་འདེབས་འཛུགས་རྟེན་གཞི་འདི་བཙུགས་ནས་ཁྱིམ་ཚང་ཞེ་བརྒྱད་ལ་ཕན་ཁེ་མང་པོ་བསྐྲུན། གུང་ཁྲན་ཏང་གི་བཀའ་དྲིན་འོག དེ་སྔོན་གྱི་རྗེས་ལུས་སྡེ་བ་འདིར་ད་ལྟ་འཕེལ་རྒྱས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།”

ཉི་མ་ལུང་བ་གྲོང་རྡལ་ནགས་འབྲོག་སྡེ་བ་ནི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་ལ། ས་ཞིང་གི་སྟེང་དུ་ནས་འདེབས་པ་མ་གཏོགས་ལོ་ཏོག་གཞན་དག་སྐྱེས་པར་མི་འཚམ་པས། སྡེ་བ་ཧྲིལ་བོའི་དཔལ་འབྱོར་གྱི་ཡོང་སྒོ་ཞན་ལ། མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཡང་དེ་འདྲ་བཟང་རྒྱུ་མེད་མོད། ས་གནས་སྲིད་གཞུང་གིས་སྡེ་རོང་དམངས་ཕན་ཚན་རྩལ་ཚད་ཡོད་ཀུང་ཟི་ལ་ཚོང་འགུག་དངུལ་འདྲེན་གྱི་རྣམ་པས། ཨ་བི་ཥའི་རྟེན་གཞི་འཛུགས་སྐྲུན་བྱེད་དུ་བཅུག་པས། ད་ལྟ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་འདུག དེའི་སྐོར་ནས་སྡེ་མི་བློ་བཟང་རྒྱལ་མཚན་གྱིས་བཤད་རྒྱུར། “ང་ནི་ནགས་འབྲོག་སྡེ་བའི་སྡེ་མི་ཞིག་ཡིན། ང་རང་གིས་ཀུང་སི་ལ་ས་མུའུ་བཅུ་ལྷག་གླས་ཡོད། ང་ཚོས་དུས་རྒྱུན་དུ་ཀུང་སི་རུ་གླ་བྱེད་ཀྱིན་ཡོད་ལ། ལས་ཀ་བ་མང་པོ་དགོས་དུས་སྡེ་བ་གཞན་གྱི་མི་ཡང་མང་པོ་གནས་འདིར་ཡོང་ནས་ལས་ཀ་ལས་ཀྱིན་ཡོད། ང་རང་ཉིད་ལ་དཔེ་བཞག་ནས་བཤད་ན། ས་ཞིང་གླས་པ་དང་རང་ཉིད་ཀྱིས་ཞོར་ལས་བྱས་པ་ཚང་མ་བསྣན་ན། ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་གཉིས་ལྷག་ཡོད། ང་ཚོའི་སྡེ་བར་མཚོན་ན་རྨོ་འདེབས་བྱེད་པར་མི་འཚམ་པས། པེ་མོ་འདེབས་འཛུགས་བྱས་པ་ལས་ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འདི་དག་ཡོད་ཚད་གུང་ཁྲན་ཏང་གི་བཀའ་དྲིན་རེད།”

དེང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྡོངས་ནས། ཉི་མ་ལུང་བ་གྲོང་རྡལ་ནགས་འབྲོག་སྡེ་བས་ས་གནས་རང་གི་ཁྱད་ཆོས་སྔོག་འདོན་དང་། དཀའ་སྤྱད་ལས་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས། ཐོ་སྒང་གི་ཨ་བི་ཥའི་སྨན་རྩྭ་འདེབས་འཛུགས་དང་དོ་དམ་ལེགས་པོ་བྱས་ཤིང་། ཀུང་ཟིས་ཁེ་ལས་ཉོ་འཚོང་གི་དོ་དམ་ཞིབ་ཚགས་བྱས་ཏེ། མཐོ་སྒང་རི་གྲོང་གི་མི་དམངས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དང་ཇེ་ལེགས་སུ་འགྱུར་བཞིན་འདུག

ཨ་བི་ཥའི་ཐོན་རྫས།


གསར་འགོད་པ།  ཕྱུག་ལོ། ཤ་བོ་རིན་མཚོ།

སྟོབས་ལྡན་རྒྱལ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།