ཁང་རྙིང་རིན་ཆེན་མུ་ཏིག་འདྲ། མཐུན་པའི་དཔུང་གདང་ཨ་ལོང་འདྲ།
2023.07.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 69


ཁང་རྙིང་རིན་ཆེན་མུ་ཏིག་འདྲ། མཐུན་པའི་དཔུང་གདང་ཨ་ལོང་འདྲ།

—མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁྱིམ་ཚང་ཞིག་གི་གཏམ་རྒྱུད།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་ཕུགས་དཀྱིལ་སྡེ་བ་རུ་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཁང་རྙིང་ཞིག་ཡོད། ཁང་རྙིང་དེའི་མིང་ལ་གྱང་གསར་བོད་ཁང་ཟེར། ཁང་རྙིང་དེའི་ནང་ན་སྐྱིད་ཀྱི་མགོ་སྦྲ་གཅིག་ལ་འཛོམས་པའི་བཟའ་ཟླ་གཉིས་ཡོད། ཁོང་གཉིས་ཀྱི་མིང་ལ་བློ་བཟང་སྟོབས་ལྡན་དང་ཚེ་འབྲུག་མོ་ཟེར། ཁང་རྙིང་དེ་ཡིས་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དུ་ཆར་ཆུས་མི་འཇིག་པའི་སྲ་མཁྲེགས་ཀྱི་རང་བཞིན་སྲུང་འཛིན་བྱས་པ་ནང་བཞིན། བློ་བཟང་སྟོབས་ལྡན་དང་ཚེ་འབྲུག་མོ་ཁྱོ་ཤུག་གཉིས་ཀྱིས་ཀྱང་འཇིག་རྟེན་ཟང་ཟིང་གི་འཁོར་བའི་བསླུ་བྲིད་འོག་ནས་ཐོག་མའི་བརྩེ་དུང་གི་དམ་ཚིག་མ་བོར་བར། རི་གྲོང་འདིའི་ཕོ་མོ་རྒན་གཞོན་ཀུན་གྱིས་ངག་གིས་བསྟོད་པ་དང་སེམས་ཀྱིས་སྨོན་པ་བྱེད་ཡུལ་ཉག་གཅིག་ཏུ་གྱུར་འདུག

ཁང་རྙིང་དེ་ནི་ཕྱི་ན་ར་སྐོར་གྱི་ལྕགས་རི་བརྟན་ཞིང་། ནང་དུ་ཐོག་བརྩེགས་ཀྱི་བང་རིམ་ལྡན་པའི་གནའ་བོའི་སྡོད་ཁང་སུམ་ཐོག་ཅན་ཞིག་རེད། ཁང་བའི་བཟོ་བཀོད་ནི་དེང་གི་ཕྱག་ཕྲེང་ས་ཆའི་བཟོ་བཀོད་ཀྱི་ཁྱད་ཆོས་དང་ཅུང་འདྲ་ཞིང་། བཟོ་སྐྲུན་རྒྱུ་ཆ་ནི་གྱང་དང་ཨར་ཀ ཤིང་ཆ་བཅས་ཀྱིས་གྲུབ་འདུག་ལ། ཁང་བའི་ནང་དུ་གནའ་བོའི་ཐབ་ཀ་དང་ཚ་ཐབ།  སྣོད་ཅ་ལག་བཅས་ཡོངས་སུ་བཞག་འདུག་པས། གནའ་ཁང་དུ་འཚོ་བ་རོལ་བའི་མྱོང་སྣང་ཞིག་སྟེར། གྱང་གསར་བོད་ཁང་ནི་ལོ་ངོ་སུམ་བརྒྱ་ལྷག་གི་གོང་དུ་འཇང་ས་དམ་རྒྱལ་པོའི་རིང་ལ་འཛུགས་སྐྲུན་བྱས་པ་ཞིག་རེད་ལ། སྡོད་ཁང་གི་བཟོ་བཀོད་ལ་བོད་དང་འཇང་གི་རིག་གནས་མཉམ་འདུས་ཀྱིས་གྲུབ་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས། ས་གནས་སྲིད་གཞུང་གིས“བོད་འཇང་རིག་གནས་བཤམས་སྟོན་ཁང”ཞེས་པའི་མིང་བྱང་བཀལ་ཏེ། ད་ལྟ་སྲོལ་རྒྱུན་ཁང་རྙིང་སྲུང་སྐྱོབ་ཀྱི་རྣམ་གྲངས་ཁྲོད་བཞག་འདུག

དེའི་སྐོར་ནས་ཕྲེང་སྟོད་གྲོང་རྡལ་གྱི་གྲོང་གཙོ་ཏུང་ཏུང་གིས་བཤད་རྒྱུར། “མི་རིགས་མཐུན་སྒྲིལ་གྱི་ངོས་ནས་བཤད་ན། ང་ཚོའི་གྲོང་རྡལ་འདི་ཡི་མི་རྣམས་ཀྱིས་མཐུན་སྒྲིལ་བྱས་པ་ཤིན་ཏུ་བཟང་། གྱང་གསར་བོད་ཁང་འདི་སྲིད་གཞུང་གི་ངོས་ནས་མི་རིགས་མཐུན་སྒྲིལ་གྱི་རྟེན་གཞི་རུ་བདམས་ཡོད། ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་ཞིང་། མང་ཚོགས་རྣམས་ཀྱིས་ཀྱང་ཁྱིམ་མཚེས་ཕན་ཚུན་དང་མི་རིགས་ཕན་ཚུན་ལོག་ལོག་བྱས་ནས་མཐུན་སྒྲིལ་དམ་པོ་བྱེད་ཀྱིན་ཡོད།

གྱང་གསར་བོད་ཁང་གི་ནང་དུ་བློ་བཟང་སྟོབས་ལྡན་དང་ཚེ་འབྲུག་མོ་ཁྱོ་ཤུག་གཉིས་ཀྱིས་མི་ལོ་དུ་མའི་རིང་ལ་འཚོ་བ་རོལ་ནས་བསྡད་པ་རེད། གྱང་གསར་བོད་ཁང་ནི་བོད་འཇང་བར་གྱི་རིག་གནས་བརྗེ་རེས་ཀྱི་དན་རྟགས་ཡིན་ལ། མི་རིགས་ཕན་ཚུན་གྱི་མཐུན་པའི་དཔུང་གདང་སྦྲེལ་བའི་ལོ་རྒྱུས་ཀྱི་བཤུལ་ལམ་ཡང་ཡིན། ཕྲེང་སྟོད་གྲོང་རྡལ་གྱི་གྲོང་གཙོ་ཏུང་ཏུང་གིས་བཤད་རྒྱུར། ཁྱིམ་ཚང་འདི་ལ་མཚོན་ན། ང་ཚོའི་ཡུལ་ཚོའི་ནང་གི་དཔེ་སྟོན་ཁྱིམ་ཚང་ཞིག་ཡིན། གྱང་གསར་ཚང་ཟེར་པ་རེད། ཁོ་ཚང་གི་མནའ་མ་འཇང་རིགས་རེད། འདིར་གནས་ལ་ཡོང་པ་རེད། ཁྱོ་ག་ནི་སྡེ་བ་འདིའི་བོད་རིགས་རེད། མི་རིགས་མི་གཅིག་པ་གཉིས་ཀྱིས་གཉེན་བསྡེབས་ནས། འཇང་དང་བོད་ཀྱི་རིག་གནས་གང་ཡིན་རུང་སེམས་ནས་ཆེ་མཐོང་ཡོད་པ་རེད། དེ་ནི་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་ཡག་པོ་ཞིག་རེད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་འོག ཁོང་གཉིས་ཀྱིས་རྟེན་མཛོད་ཁང་འདི་ཡག་པོ་གཉེར་ནས། ད་ལྟ་རིག་གནས་སྲུང་སྐྱོབ་དང་ཁྱིམ་ཚང་གི་དཔལ་འབྱོར་སོགས་ཕྱོགས་ཀུན་ཇེ་བཟང་ལ་སོང་ཡོད།

དེ་ལྟ་བུའི་ལོ་རྒྱུས་ཀྱི་ཤུགས་རྐྱེན་དབང་གིས། དུས་རབས་གསར་པའི་ནང་དུའང་། གཞིས་ཁྱིམ་འདིའི་ནང་དུ་བོད་འཇང་ཕན་ཚུན་བར་ལ་གཉེན་གྱི་འབྲེལ་བ་འཛིན་པའི་རྟེན་འབྲེལ་ཞིག་ངང་གིས་འགྲིག་ཡོད་དེ། གཞིས་ཁྱིམ་འདིའི་བདག་པོ་བློ་བཟང་སྟོབས་ལྡན་ནི་བོད་རིགས་ཡིན་ཞིང་། ཁྱིམ་བདག་མ་ཚེ་འབྲུག་མོ་ནི་ཕྲེང་སྟོད་གྲོང་རྡལ་རེ་སྒང་སྡེ་བའི་ས་དམ་འཇང་གི་རྒྱུད་པར་གཏོགས་པ་རེད། ཁོང་བཟའ་ཟླ་གཉིས་ཀྱིས་མི་རིགས་ཕན་ཚུན་བར་གྱི་གཉེན་གྱི་རི་མོ་ལྷུན་གྱིས་འགྲུབ་ནས། མཐུན་པའི་འོ་ཆུ་གཅིག་ཏུ་འདྲེས་ཡོད་པས། སྡེ་བའི་ནང་གི་མང་ཚོགས་ཚོས་ཁོ་ཚང་གི་མིང་ལ“མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང”ཞེས་བཏགས་འདུག་ལ། ས་གནས་སྲིད་གཞུང་གི་ངོས་ནས་ཀྱང་ཁོ་ཚང་གི་ཁང་བ་དེ་བོད་འཇང་གནའ་བོའི་རིག་གནས་བཤམས་སྟོན་ཁང་དུ་བདམས་ཤིང་། ཁོང་བཟའ་ཟླ་གཉིས་ཀྱང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁྱིམ་ཚང་དུ་བདམས་འདུག  བློ་བཟང་སྟོབས་ལྡན་གྱི་བུ་བློ་བཟང་ཚུལ་ཁྲིམས་ཀྱིས་བཤད་རྒྱུར། ངའི་ཨ་ཕ་བོད་ཡིན། ཨ་མ་འཇང་རིགས་རེད། ཨ་ཕ་དང་ཨ་མ་གཉིས་ངོ་འཕྲད་དུས། ཨ་མས་ལས་དོན་ཆེན་པོ་ཞིག་བློས་བཏང་ནས་གནས་ལ་ཡོང་པ་རེད། ཨ་ཕ་ཨ་མ་གཉིས་ཀྱིས་ཤུ་རེ་བྱས་ནས་བོད་འཇང་རིག་གནས་རྟེན་མཛོད་ཁང་འདི་ཕྱེས་པ་རེད། ཕ་མ་གཉིས་ཀྱིས་ཁ་རྩོད་ཚིག་རྩོད་ཙམ་ཡང་བྱས་མ་མྱོང་། ངེད་ཚང་གི་འཚོ་བ་ཤིན་ཏུ་སྐྱིད།

བློ་བཟང་ཚུལ་ཁྲིམས་ཀྱིས་བཤད་པ་ནང་བཞིན། ཁོའི་ཨ་ཕ་བློ་བཟང་སྟོབས་ལྡན་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད། ཨ་ཕ་རྒྱུན་དུ་སྡེ་བའི་གཞུང་དོན་ལ་བྲེལ་འཚུབ་ཆེ་ནའང་། ཁོམ་ལོང་ཅུང་ཙམ་རེ་ཡོད་ཚེ་ཕྱིར་རང་ཁྱིམ་དུ་ཡོང་ནས་ཨ་མར་ཁྱིམ་ལས་ལས་རོགས་བྱེད་པ་དང་། བྱིས་པ་གསུམ་ལ་ཀུ་རེ་དང་དགོད་གཏམ་བཤད་ནས། གཡང་ཁྱིམ་གོར་མོའི་ནང་ལ་སྐྱིད་ཀྱི་དགོད་སྒྲ་སྐྱིལ་ངེས་རེད་ཟེར། ཁོ་ཚང་གི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བདེ་སྡུག་ཡོད་ཚད་བློ་བཟང་སྟོབས་ལྡན་ཁྱོ་ཤུག་གཉིས་ཀྱིས་མཉམ་འཁུར་བྱེད་པས། སྡུག་ལ་འཁང་ར་མེད་ཅིང་སེམས་པ་སེམས་ཀྱིས་ཤེས་ནས། ཡ་རབས་སྤྱོད་བཟང་གི་འཁོར་བའི་རྣམ་ཐར་བསྐྱངས་ནས། ད་ནི་མི་ལོ་ལྔ་བཅུ་འགོར་འདུག བློ་བཟང་སྟོབས་ལྡན་གྱི་ཆུང་མ་ཚེ་འབྲུག་མོས་བཤད་རྒྱུར། ང་འཇང་རིགས་རེད། ཕུགས་དཀྱིལ་སྡེ་བ་ལ་བག་མར་ཡོང་བ་ཡིན། ཁྱོ་ག་ངའི་སྟེང་ལ་ཤིན་ཏུ་བཟང་། འཚོ་བ་ཞེ་དྲག་སྐྱིད་པོ་རེད།

ང་ཚོ《གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ》ཞེས་པའི་བཅར་འདྲི་ཚན་ཆུང་གིས་ཁོ་ཚང་གི་ཁང་རྙིང་དེའི་ལོ་རྒྱུས་ལ་སྦྲགས་ནས། ཁོང་བཟའ་ཟླ་གཉིས་ཀྱི་གཏམ་རྒྱུད་ལའང་ཞིབ་ཏུ་རྒྱུས་ལོན་བྱས་པ་ཡིན། ཁོ་ཚང་གི་ཁང་རྙིང་དེ་ཡིས་མི་རིགས་མཐུན་སྒྲིལ་གྱི་བཤུལ་ལམ་རིང་མོ་ཞིག་མི་རབས་ནས་མི་རབས་བར་དུ་རྒྱུན་བསྲིངས་ནས་སྐབས་འདིར་ཐོན་པ་ན། བློ་བཟང་སྟོབས་ལྡན་ཁྱོ་ཤུག་གཉིས་ཀྱིས་གྱང་གསར་ཁང་རྙིང་གི་མེས་པོའི་གནའ་སྲོལ་བཞིན་དུ། བོད་འཇང་བར་གྱི་མཐུན་སྒྲིལ་གྱི་ལྕགས་རི་ལ་བརྩེ་དུང་གི་དཀར་རྩི་བྱུགས་ནས། དཀར་བོང་བོང་གི་ཁང་མིག་ནང་ན། དཀར་བོང་བོང་གི་འཚོ་བ་རོལ་བཞིན་མཆིས།

  གྱང་གསར་བོད་ཁང་གི་དཔེ་དབྱིབས།

བོད་འཇང་རིག་གནས་བཤམས་སྟོན་ཁང་།


གསར་འགོད་པ།  ཕྱུག་ལོ། ཤ་བོ་རིན་མཚོ།

སྟོབས་ལྡན་རྒྱལ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།